འཕྱོག་བཟུང་འབད་མི་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ།

བདུན་ཕྲག་༢ ནང་ སྨྱོ་རྫས་འཆང་སྤྱོད་འབད་མི་༢༨ འཛིན་བཟུང་འབད་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༡༠ ལུ་ སྐྱེས་ལོ་༢༣ དང་༢༧ ལང་མི་ ཕོ་སྐྱེས་༢ ཀྱིས་ བཀག་འཛིན་ཅན་གྱི་ སྨྱོ་རྫས་གྲངས་སུ་ཚུད་མི་ ཨེསི་པི་པ་ལཱསི་(SP+) སྨན་ཐུམ་༡,༥༨༠ དང་ ཀེ་ཧང་གི་འདབ་མ་སྐམ་ ག་རམ་༧༢ དེ་ལས་ ཏམ་ཁུ་འཐུང་ནིའི་ གྱིབ་དུང་༡ འབག་འོངམ་ད་ གསར་སྤང་གི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁོང་ཕོ་སྐྱེས་༢ མི་མང་སྐྱེལ་འདྲེན་བཱསི་ཅིག་ནང་འཛུལ་ཏེ་ དགེ་ལེགས་ཕུག་ལས་ ཐིམ་ཕུག་ལུ་ འོང་པའི་སྐབས་ གསར་སྤང་ཞིབ་དཔྱད་སྒོ་ར་ཁར་ ཁྲིམས་སྲུང་འགག་པ་གིས་ འགྲུལ་སྐྱེལ་བཱསི་ལུ་ ཞིབ་དཔྱད་རྐྱབ་ད་ བདའ་ཟུན་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ལས་ཐོབ་མི་ སྙན་ཞུ་དང་འཁྲིལཝ་ད་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་ སེ་ལི་ཊེབ་སྦྱར་ཤོག་རྒྱ་སྨུག་གིས་ སྤུར་ཏེ་ གྱོན་ཆས་ཚུ་ནང་ སྦ་ཐོག་ལས་ ཅ་ཆས་ཡོད་མི་ བེག་ཅིག་ནང་ཡོདཔ་ མཐོང་གསལ་བྱུང་ཡི་ཟེར་ཨིན་པས།
ཁོང་གཉིས་ཀྱིས་ སྨྱོ་རྫས་ཚུ་ ས་མཚམ་ཁྲོམ་སྡེ་ ཇའི་སྒང་ལས་ ཉོ་འབག་འོང་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།
འཛིན་བཟུང་འབད་མི་༢ ལས་ སྐྱེས་ལོ་༢༧ ལང་མི་ དོགས་ཅན་དེ་ གཞལམ་སྒང་ ནང་སྐོར་ལས་ཨིན་པའི་ཁར་ སློབ་དཔོན་སློབ་སྦྱོང་གི་ མཐོ་རིམ་ཤེས་ཚད་འཆང་མི་ཅིག་ཨིནམ་ད་ སྐྱེས་ལོ་༢༣ ལང་མི་དེ་ སི་ཀིམ་མ་ནི་པཱལ་གཙུག་ལག་སློབ་སྡེའི་ སློབ་ཕྲུག་ཨིནམ་བཞིན་དུ་ ཁོ་ར་ བཀྲིས་སྒང་བསམ་མཁར་ལས་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དུས་ཅི་ ཚུལ་མིན་གྱི་སྒོ་ལས་ སྨྱོ་རྫས་ཨེསི་པི་པ་ལཱསི་ འཆང་སྤྱོད་ལུ་བརྟེན་ འཛིན་བཟུང་འབད་མི་དེ་ ཐེངས་༣ པ་ཨིན་ཟེར་ བཤདཔ་ཨིན་པས།
དེ་གི་ཧེ་མར་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་འབད་མིའི་ནང་ འབྲེལ་བ་ཅན་༢༦ འཛིན་བཟུང་འབད་མི་དེ་བརྩིསཝ་ད་ བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ མི་གྲངས་༢༨ འཛིན་བཟུང་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༦ ལས་འགོ་བཙུགས་ སྤྱི་ཟླ་༩ པའི་ཚེས་༨ ཚུན་གྱི་བར་ན་ མི་གྲངས་༢༦ འཛིན་བཟུང་འབད་མི་ཚུ་གི་གྲས་ལས་༡༥ སྨྱོ་རྫས་ནག་ཚོང་ནང་ འབྲེལ་གཏོགས་འབད་མི་དང་ གཞན་༡༡ པོ་དེ་ ལོག་སྤྱོད་འབད་མི་ཚུ་ཨིན་པའི་གནས་ཚུལ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *