བདུན་ཕྲག་༡ ནང་ མི་༢༥,༠༠༠ ལྷགཔ་ཅིག་གིས་ རྒུད་གསོའི་སྐྱིད་སྡུག་གི་ ཞུ་ཡིག་བཙུགས་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ ད་རུང་ ཟླཝ་༡༥ འཕྲོ་མཐུད་གནང་དགོ་པའི་ བཀའ་རྒྱ་ཕེབས་མི་དེ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ བཀའ་སྐྱོར་ཏེ་ བདུན་ཕྲག་༡ གི་ཤུལ་ལས་ མི་༢༥,༠༠༠ ལྷགཔ་ཅིག་གིས་ སྐྱིད་སྡུག་གི་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།

དེ་ཡང་ ཟླ་རིམ་འོང་འབབ་རྒྱབ་སྐྱོར་གྱི་དོན་ལུ་ མི་༡༩,༣༤༡ དང་ སྐྱིན་འགྲུལ་ལེན་མི་༧,༣༧༤ གིས་ སྐྱེད་སྤྲོད་ནིའི་ རྒྱབ་སྐྱོར་གནང་དགོཔ་སྦེ་ ཐོ་བཀོད་འབད་ནུག།

འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ འཕྲོ་མཐུད་གནང་ནིའི་སྐོར་ལས་ སྤྱི་ཟླ་༤ པའི་ཚེས་༢༢ ལུ་ གསལ་བསྒྲགས་གནང་ཡོདཔ་མ་ཚད་ སྤྱི་ཟླ་༤ པའི་ཚེས་༢༩ ལས་ ཟླ་རིམ་འོང་འབབ་རྒྱབ་སྐྱོར་གྱི་དོན་ལུ་ མི་༡༧,༤༢༨ ཀྱིས་ ཡང་བསྐྱར་དུ་ ཞུ་ཡིག་བཙུགས་ཡོདཔ་ད་ མི་༡,༩༡༣ དེ་ ཞུ་ཡིག་བཙུགས་མི་ གསརཔ་ཨིན་པས།

འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ལས་ མགྲིན་ཚབ་ཅིག་གིས་ བཤད་མིའི་ནང་ འདས་པའི་ལོ་༡ ནང་ སྐྱིད་སྡུག་ལས་ ཕན་ཐོགས་བྱུང་མི་ཚུ་གིས་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འཚོ་སྐྱོང་ལུ་ དཀའ་སྡུག་འཕྲོ་མཐུད་དེ་རང་བྱུང་བཞིན་དུ་ཡོད་པ་ཅིན་ སྐྱིད་སྡུག་ལོག་ཞུ་ཆོག་ཟེར་ཨིནམ་ད་ ཁྱད་ཚད་ལྡན་མི་ཆ་མཉམ་གྱིས་ ཞུ་ཡིག་བཙུགས་པའི་ ཟླཝ་ནང་ལས་ སྐྱིད་སྡུག་འཐོབ་ནི་ཨིན་པས།

སྐྱིད་སྡུག་གི་དོན་ལུ་ ཞུ་ཡིག་ཚུ་ཡང་ སྟབས་བདེ་ཧིང་དང་འཁྲིལ་ ཟླཝ་༣ གྱི་བར་ན་ཚར་རེ་ བཙུགས་དགོཔ་སྦེ་ བཟོ་ཡོདཔ་ད་ དེ་ཡང་ མགྲིན་ཚབ་ཀྱིས་ སླབ་མིའི་ནང་ དཔལ་འབྱོར་གྱི་ གོ་སྐབས་དང་ གནོད་པ་ཚུ་ སྡེ་ཚན་སོ་སོའི་ནང་ མ་འདྲ་བའི་ཁར་ ཤུལ་མའི་ཟླཝ་༡༥ ཚུན་གྱི་ གནས་སྟངས་ག་དེ་སྦེ་ འོང་ག་སླབ་མི་ཤེས་ནི་ཨིནམ་ལས་ དུས་ཡུན་ཟླཝ་༣ བཞག་པ་ཅིན་ ཞུ་ཡིག་བཙུགས་མི་ཚུ་གིས་ ཁོང་རའི་གནས་སྟངས་སྐོར་ ཧ་གོ་སྟེ་ ཐག་བཏོག་ཚུགས་ནིའི་ ལྷན་ཐབས་ལུ་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ལས་ སྐྱེད་སྤྲོད་ནིའི་ རྒྱབ་སྐྱོར་འཕྲོ་མཐུད་དགོ་མི་ཚུ་གིས་ཡང་ ཐོ་བཀོད་ངོ་རྟགས་ཚུ་ ལག་ལེན་འཐབ་ཐོག་ལས་ ཟླཝ་༣ གྱི་བར་ན་ཚར་རེ་ ཞུ་ཡིག་བཙུགས་དགོཔ་ཨིན་པས།

སྤྱི་ལོ་༢༠༢༡ ཟླ་༤ པ་ལས་༦ པ་ཚུན་ ཟླཝ་༣ གྱི་སྐྱིད་སྡུག་ཞུ་ནིའི་དོན་ལུ་ ཞུ་ཡིག་བཙུགས་ནི་དེ་ སྤྱི་ཟླ་༤ པའི་ཚེས་༢༦ ལས་ འགོ་བཙུགས་ཡོདཔ་ཨིན་པས།

ད་ཚུན་གྱི་བར་ན་ སྐྱིན་འགྲུལ་གྱི་ རྩིས་ཁྲ་འཆང་མི་བསྡོམས་༢,༩༦༥ གི་ ཐོ་བཀོད་འབད་ཡོད་མི་ལས་༢,༩༣༨ ལུ་ སྐྱིད་སྡུག་དགོཔ་ཨིན་རུང་༢༧ ལུ་ སྐྱིད་སྡུག་དགོཔ་མེདཔ་ཨིན་པས།

སྐྱིད་སྡུག་གི་དོན་ལུ་ ཞུ་ཡིག་བཙུགས་འདོད་ཡོད་མི་ཚུ་གིས་ ཁ་གསལ་གྱི་དོན་ལུ་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་གི་ ཡོངས་འབྲེལ་འཆར་སྒོ་ www.royalkidu.bt ནང་ བལྟ་དགོ་ཟེར་ཨིནམ་ད་ ཟླ་རིམ་འོང་འབབ་རྒྱབ་སྐྱོར་གྱི་དོན་ལུ་ བརྒྱུད་འཕྲིན་ཨང་༡༡༨༦/༡༡༨༧/༡༡༨༨ དང་  སྐྱིན་འགྲུལ་གྱི་ སྐྱེད་རྒྱབ་སྐྱོར་གྱི་དོན་ལུ་ བརྒྱུད་འཕྲིན་ཨང་༡༠༢༥/༡༠༢༦/༡༠༢༧ ཐོག་ལུ་ གཏང་པ་ཅིན་ སྐྱིད་སྡུག་ཡིག་ཚང་གིས་ ལན་སླབ་འོང་ཟེར་ཨིནམ་ད་ ཕུན་ཚོགས་གླིང་གི་དོན་ལུ་འབད་བ་ཅིན་ བརྒྱུད་འཕྲིན་ཨང་༡༡༨༨ ཐོག་ལུ་ གཏང་དགོཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *