༉ བཀྲིས་གཡང་རྩེ་སྟོང་ཞང་རྒེད་འོག་ སྒོམ་ཕུག་སྐོར་རའི་ གནས་ཆེན་གྱི་ ལྟག་ལུ་ཡོད་མི་ ཀ་པཱ་ལི་བྲག་ཕུག་དེ་ ཨྱོན་གུ་རུ་རིན་པོ་ཆེ་དང་ འབྲེལ་གནད་ཡོད་པའི་ གནས་བྱིན་རླབས་ཅན་ཅིག་ཨིན་པས།
དེ་ཡང་ དུས་རབས་༨ པའི་ནང་ གུ་རུ་རིན་པོ་ཆེ་མཆོག་ བདུད་གཏེར་བདག་ དགེ་བསྙེན་ཆོས་འཕེལ་བཏུལ་ནིའི་དོན་ལུ་ བྱོན་པའི་སྐབས་ བྲག་ཕུག་དེ་ནང་ སྒྲུབ་པ་གནང་བཞུགས་ཡོདཔ་ཨིན་པས།
ཀ་པཱ་ལི་བྲག་ཕུག་གི་དཀོན་གཉེར་ སྐྱེས་ལོ་༣༤ ལང་མི་ བྱང་ཆུབ་ཚེ་རིང་གིས་ སླབ་མིའི་ནང་ གཏེར་བདག་དགེ་བསྙེན་ཆོས་འཕེལ་གྱིས་ སྒོམ་ཕུག་སྐོར་རའི་ ལྷ་ཁང་གི་ ཉེ་འདབས་ལུ་ཡོད་མི་ རྡོ་ཕུག་སྦོམ་དེ་ནང་ འཛུལ་སྡོད་པའི་སྐབས་ ཨྱོན་གུ་རུ་གིས་ གཏེར་བདག་དེ་ བཏུལ་ཐབས་ལུ་ བྲག་ཕུག་དེ་ནང་ གསང་བའི་སྒྲུབ་པ་ ཟླཝ་༣ གནང་བཞུགས་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བྲག་ཕུག་དེ་གི་མཚན་ ཀ་པཱ་ལི་ཟེར་ ཞུ་དགོ་མི་དེ་ཡང་ གུ་རུ་རིན་པོ་ཆེ་གིས་ གསང་བའི་སྒྲུབ་པ་ ཟླཝ་༣ གྱི་རིང་ ལེགས་ཤོམ་སྦེ་ གནང་ཚར་བའི་ཤུལ་ལས་ བྲག་ཕུག་དེ་ནང་ གུ་རུ་ཁོ་རའི་ དབུ་ཐོད་དམ་ཀ་པཱ་ལི་དེ་ གཏེར་ལུ་སྦས་གནང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
བྲག་ཕུག་དེ་ནང་ འགྱོ་བའི་སྐབས་ གཡོན་ཁ་ཐུག་ལུ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ སྒྲུབ་པ་གནང་མིའི་ སྐུ་རྗེས་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ གུ་རུ་ལུ་ གསོལཝ་དྲང་པའི་སྐབས་ཀྱི་ཞབས་རྗེས་ དེ་ལས་ གཡས་ཁ་ཐུག་ལུ་ དབུ་ཐོད་གཏེར་ལུ་ སྦས་མི་དང་ གུ་རུའི་གསོལ་ཐབ་ གུ་རུའི་གཅོད་ཌམ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ སྲུང་གའུ་དང་ གསང་ཆབ་གནང་ས་ཚུ་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ནི་འདུག།
བྱང་ཆུབ་ཚེ་རིང་གིས་ སླབ་མིའི་ནང་ གུ་རུ་གིས་ ཁོ་རའི་དབུ་ཐོད་གཏེར་ལུ་ སྦས་གནང་སའི་ནང་ གནམ་བྱཱར་དགུན་མེད་པར་ གྲུབ་ཆུ་འབབ་ནི་ཡོད་ཟེར་ཨིནམ་ད་ མི་ཚུ་གིས་འབད་བ་ཅིན་ གུ་རའི་སྐུ་རྗེས་ལ་སོགས་པ་ཚུ་ལས་ཡང་ ཚེས་བཟང་དང་ དུས་བཟང་ཚུ་གི་སྐབས་ གྲུབ་ཆུ་འབབ་ནི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨྱོན་གུ་རུ་རིན་པོ་ཆེ་གིས་ བྲག་ཕུག་དེ་ནང་ སྐུ་རྗེས་ལེ་ཤ་བཞག་གནངམ་ད་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཡང་ འགྲོ་བ་སེམས་ཅན་ཚུ་གི་དོན་ལུ་ མོ་གིས་ཡང་ ཤུལ་བཞག་ཅིག་ བཞག་དགོ་པས་ཟེར་ ཐུགས་བཞེད་གནང་སྟེ་ མཁའ་འགྲོ་མོ་རའི་སྲུང་གའུ་དེ་ གཏེར་ལུ་སྦས་གནང་ནུག་ཟེར་ཨིན་པས།

བྲག་ཕུག་དེ་ མཇལ་བར་འོང་མི་ དད་ཅན་གནས་སྐོརཔ་ཚུ་གིས་ སྲུང་གའུ་དེ་ལས་ ཕྲེང་བ་ཟེར་ ཕྱེངམ་གི་བྱིན་རླབས་ཞུ་བའི་སྐབས་ ཕྱེངམ་དེ་ གའུ་དེ་ཁར་བཞགཔ་ད་ སྒྲིབ་ཞུགས་ཡོད་པ་ཅིན་ ཆགས་མི་བཏུབ་དོ་ཡོདཔ་ད་ སྒྲིབ་ག་ནི་ཡང་མེད་པ་ཅིན་ མི་གིས་ བཟུང་བཞག་བཞགཔ་བཟུམ་སྦེ་ གའུ་དེ་ནང་ ཡ་མཚན་ཆེ་ཏོག་ཏོ་སྦེ་ ཆགས་ནི་ཡོད་ཟེར་ དཀོན་གཉེར་གྱིས་ བཤདཔ་ཨིན་པས།
བྲག་ཕུག་གི་ ཉེ་འདབས་ལུ་ རྡོ་སྦོམ་ཅིག་ མཇལ་ནི་ཡོད་མི་དེ་ མཁའ་འགྲོ་ཚུ་གིས་ གུ་རུ་རིན་པོ་ཆེ་ལུ་ གླུའི་མཆོད་པ་ཕུལ་ས་ཨིནམ་ད་ ཧེ་མ་འབད་བ་ཅིན་ རྡོ་དེ་ཁར་ མཁའ་འགྲོའི་ཞབས་རྗེས་ཚུ་ མཇལ་ནི་ཡོད་རུང་ ད་རེས་ནངས་པར་ མཇལ་མི་ཚུགས་དོ་ཡོདཔ་ཨིན་པས།
གནས་སྐོརཔ་ཚུ་གིས་ རྡོ་དེ་གི་སྐོར་ལས་ དྲི་བའི་སྐབས་ རྡོ་དེ་ཁར་ ཞབས་ཁྲ་ཚུ་ འཐེན་པ་ཅིན་ ཕན་ཡོན་ཡོད་པའི་སྐོར་ སླབ་བྱིནམ་ད་ ལ་ལོ་ཅིག་གིས་ དད་པའི་ཐོག་ལས་ ཞབས་ཁྲ་ཚུ་ འཐེན་ནི་འདུག་ཟེར་ དཀོན་གཉེར་གྱིས་ བཤདཔ་ཨིན་པས།
དེ་ལས་ རྡོ་དེ་གི་རྩ་བར་ གྲུབ་ཆུ་ཅིག་ཡོད་མི་དེ་ཡང་ གུ་རུ་རིན་པོ་ཆེ་གིས་ བཏོན་གནང་ཡོདཔ་སྦེ་ བཤད་ནི་ཡོདཔ་ད་ གྲུབ་ཆུ་དེ་ གནམ་བྱཱར་དགུན་ལུ་ སྦོམ་ཆུང་ལུ་ འགྱུར་བ་ག་ནི་ཡང་མེད་པར་ གནསཔ་ཨིན་པས།
བྱང་ཆུབ་ཚེ་རིང་གིས་ སླབ་མིའི་ནང་ བྲག་ཕུག་དེ་གི་ དཀོན་གཉེར་མ་འབད་བའི་ཧེ་མར་ སྒོམ་ཕུག་སྐོར་ར་དགེ་འདུན་སློབ་གྲྭའི་ སློབ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ ཀ་པཱ་ལི་བྲག་ཕུག་དེ་ སྒེར་སྡེ་གིས་ བདག་འཛིན་འབད་སྡོད་ཡོད་རུང་ ཤུལ་ལས་ བཀྲིས་སྒང་རབ་སྡེ་ལུ་ རྩིས་ཕུལ་ཞིནམ་ལས་ དཀོན་གཉེར་སྦེ་ ཕྱག་ཞུ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དཀོན་གཉེར་སྦེ་ འགོ་དང་པ་འགྱོ་བའི་སྐབས་ བྲག་ཕུག་དེ་ཁར་ བྲག་ཕུག་དེ་རྐྱངམ་གཅིག་མ་གཏོགས་ ཕྱི་ཁ་ལས་ ལྷ་ཁང་དང་ དཀོན་གཉེར་གྱི་སྡོད་ཁྱིམ་ དེ་ལས་ མཆོདཔ་ཕུལ་ས་ཟེར་ ག་ནི་ཡང་མེདཔ་ལས་ སེམས་ཕམ་བྱུང་ཡོད་རུང་ སྤྱི་ལོ་༢༠༡༡ དང་༢༠༡༢ དེ་ཅིག་ཁར་ བཀྲིས་གཡང་རྩེ་རྫོང་ཁག་བདག་སྐྱོང་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཕྱི་ཁ་ལས་ ལྷ་ཁང་ཅིག་ བཞེངས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ བྲག་ཕུག་དེ་ཁར་ གདོང་ལེན་ཟེར་རུང་ སྒོམ་ཕུག་སྐོར་རའི་ལྟག་ལས་ གནས་སྐོརཔ་ཚུ་འོང་སའི་ ལམ་ལེགས་ཤོམ་མེད་པའི་ཁར་ བྲག་ཕུག་དེ་ནང་ ཆོས་ཕྱོགས་ཀྱི་ ལས་རིམ་རེ་ འགོ་འདྲེན་འཐབ་དགོཔ་ འཐོན་པའི་སྐབས་ མཆོད་ཆས་ཀྱི་རིགས་ཚུ་མེདཔ་ལས་ སྒོམ་ཕུག་སྐོར་ར་རྩིས་གཞུང་སློབ་གྲྭ་ལས་ བརྙ་དགོ་པས་ཟེར་ཨིན་པས།
བྲག་ཕུག་དེ་ མཇལ་བར་འགྱོཝ་ད་ སྒོམ་ཕུག་སྐོར་ར་ལས་ དུས་ཡུན་སྐར་མ་༢༠ དེ་ཅིག་ གྱེན་འཛེགས་ཏེ་ འགྱོ་དགོ་པས་ཟེར་ ཞུ་ནི་ཨིན།
སྐལ་བཟང་དབང་ཕྱུག།