༉ རྒྱལ་ཡོངས་འཛམ་གླིང་ནུས་ཤུགས་ལག་ཁྱེར་དེ་ འབྲུག་རྒྱལ་ཁབ་ལས་ བདག་འཛིན་ཟེར་མི་ མཉམ་འབྲེལ་ལས་འགུལ་ཅིག་གིས་ ཐོབ་ཡོདཔ་ཨིན་པས།
ལག་ཁྱེར་དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ ཐིམ་ཕུག་ལུ་སྦེ་ ཨཱོས་ཊི་ཡ་གཞུང་གིས་ བྱིན་ཡོདཔ་ད་ བདག་འཛིན་མཉམ་འབྲེལ་ལས་འགུལ་དེ་ འབྲུག་ཧེ་པི་སྔོ་ལྗང་མཉམ་འབྲེལ་གྱི་ ཡན་ལག་ཨིནམ་ད་ ད་རེས་ ལས་འགུལ་དེ་ རྩི་རང་རྫོང་ཁག་ནང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
བདག་འཛིན་གྱིས་ ཡུན་བརྟན་ནུས་ཤུགས་ཀྱི་ གདོང་ལེན་ཚུ་ སེལ་ཐབས་ལུ་ དྲོད་ཐབ་ཀྱི་ ཚོང་འབྲེལ་ཅིག་ གཞི་བཙུགས་འབད་ཡོདཔ་ད་ ནགས་ཚལ་ལུ་བརྟེན་པའི་ ཕྱགས་སྙིགས་རག་རོ་བསྡུ་བསྒྱོམ་འབད་དེ་བཟོ་མི་ ཐབ་ཤིང་ཚུ་ གྲོང་གསེབ་ནང་ བཀྲམ་སྤེལ་འབད་མིའི་ ལས་འགུལ་དེ་ འཛམ་གླིང་ནུས་ཤུགས་ལག་ཁྱེར་གྱི་དོན་ལས་ བཙུགས་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ ནགས་ཚལ་ནང་ལས་ཐོན་མིའི་ ཕྱགས་སྙིགས་ཚུ་ བདག་འཛིན་གྱི་ སྣུམ་མཛོད་ནང་ བསྐྱལ་ཞིནམ་ལས་ ཕྱགས་སྙིགས་ཚུ་ འཕྲུལ་ཆས་ཀྱིས་བཟོ་མིའི་ཐབ་ཤིང་ཚུ་ ལག་ལེན་འཐབ་ནི་ལུ་ཡང་ འཇམ་ཏོང་ཏོ་དང་ ནུས་ཤུགས་ཅན་སྦེ་ ཡོདཔ་ཨིན་པས།
བདག་འཛིན་གྱིས་ ཚོང་འབྲེལ་གྱི་ ལས་འགུལ་གཞི་བཙུགས་འབད་མི་དེ་ཡང་ འབྲུག་རྒྱལ་ཁབ་དེ་ འཛམ་གླིང་ནང་ ཐབ་ཤིང་ལག་ལེན་འཐབ་མི་ མཐོ་ཤོས་ཅིག་སྦེ་ཡོདཔ་བཞིན་དུ་ སྤྱིར་སྙོམས་ནང་ ཁྱིམ་གུང་རེ་གིས་ ཉིན་བསྟར་ བཞིན་དུ་ ཐབ་ཤིང་ཀེ་ཇི་༡༧ དེ་རེ་ ལག་ལེན་འཐབ་སྟེ་ཡོད་ཟེར་ཨིན་པས།
ཐབ་ཤིང་ཚུ་ཡང་ བཞེས་སྒོ་འབད་ནི་དང་ སྒོ་ནོར་སེམས་ཅན་ཚུ་གི་ ཆག་བཙོ་ནི་ དེ་ལས་ དྲོད་བཏགས་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ ད་རེས་ ཁྱིམ་གུང་བརྒྱ་ཆ་༢.༦༥ དེ་ཅིག་གིས་ ཐབ་ཤིང་དང་ གཞན་ཚུ་གིས་ ནགས་ཚལ་གྱི་ ཕྱགས་སྙིགས་ཚུ་ བཞེས་སྒོ་འབད་ནི་དང་ དྲོད་སྐྱེད་ཀྱི་དོན་ལུ་ ལག་ལེན་འཐབ་དོ་ཡོད་པའི་ཁར་ སྒོ་ནོར་སེམས་ཅན་ཡོད་མི་ གྲོང་གསེབ་ཀྱི་ མི་སེར་བརྒྱ་ཆ་༡༠༠ གིས་ ཆག་བཙོ་ནིའི་དོན་ལུ་ ཐབ་ཤིང་ལུ་བརྟེན་ སྡོད་དོ་ཡོདཔ་ཨིན་པས།
ལས་འགུལ་དེ་གིས་ རྒྱལ་ཁབ་ནང་ དུ་པ་མེད་པའི་ཐབ་དང་ གཙང་སྦྲ་དང་ལྡན་པའི་ ཐབ་ཤིང་ཚུ་ ཐོན་སྐྱེད་འབད་དོ་ཡོདཔ་ད་ ལས་འགུལ་དེ་ནང་ འབྲུག་ཧེ་པི་སྔོ་ལྗང་མཉམ་འབྲེལ་དང་ གོང་གསུམ་མི་སྡེ་ནགས་ཚལ་ལས་འགུལ་ཚུ་ཡོདཔ་བཞིན་དུ་ བདག་འཛིན་མཉམ་འབྲེལ་ གཞི་བཙུགས་འབད་དེ་ ད་རེས་འབདཝ་ད་ ལོ་༥ དེ་ཅིག་ ལང་དོ་ཡོདཔ་ཨིན་པས།
ཧེ་པི་སྔོ་ལྗང་མཉམ་འབྲེལ་གཞི་བཙུགས་འབད་མི་ ཡོངས་གྲགས་ལུ་ སོ་ནམ་པ་སངས་རྒྱས་ཀྱིས་ སླབ་མིའི་ནང་ ཨཱོས་ཊི་ཡན་གྱིས་ ང་བཅས་རའི་ ལཱ་བལྟ་བར་ མ་འོང་པའི་ཁར་ ཕན་ཚུན་གཉིས་ ཕྱད་མ་ཚུགས་རུང་ དེ་བཟུམ་མའི་ ལག་ཁྱེར་ཐོབ་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བདག་འཛིན་གྱི་ ལས་འགུལ་ནང་ འདས་པའི་ལོ་༥ འི་ནང་འཁོད་ལུ་ མི་༡༣ དེ་ཅིག་ལུ་ ལཱ་གཡོག་སྤྲོད་ཡོདཔ་ད་ ལས་འགུལ་གྱིས་ ད་རེས་ རྒྱལ་ཁབ་ཀྱི་ སློབ་གྲྭ་ལྟེ་བ་༨ དེ་ཅིག་ནང་ གཙང་སྦྲ་དང་ལྡན་པའི་ ཐབ་ཤིང་ཚུ་ བཀྲམ་སྤེལ་འབད་མི་གིས་ ཉིན་བསྟར་བཞིན་དུ་ སློབ་ཕྲུག་༡༠,༠༠༠ དེ་ཅིག་ལུ་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིན་པས།
བདག་འཛིན་གྱིས་ དྲོད་ཐབ་དང་ ཐབ་ཤིང་ཚུ་ལུ་བརྟེན་པའི་ བཙོག་རླུང་རྩ་མེད་གཏང་ནི་དང་ གྲོང་གསེབ་མི་སྡེ་ནང་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ལུ་དམིགས་ཏེ་ གཞི་བཙུགས་འབད་ཡི་ཟེར་ སངས་རྒྱས་ཀྱིས་ བཤད་ཅི།
ལོ་བསྟར་བཞིན་དུ་ ལག་ཁྱེར་གྱི་དོན་ལུ་ རྒྱལ་ཁབ་༡༨༢ ལས་ ལས་འགུལ་༢,༠༠༠ དེ་ཅིག་ བཙུགས་དོ་ཡོདཔ་བཞིན་དུ་ ལག་ཁྱེར་དེ་ཡང་ འཛམ་གླིང་ནང་ ཁྱད་འཕགས་ཅན་གྱི་ རང་བཞིན་གནས་སྟངས་ཀྱི་ གསོལ་རས་ཅིག་ཨིནམ་བཞིན་དུ་ གཟེངས་སྟོད་ལས་རིམ་དེ་ འཛམ་གླིང་རྒྱལ་ཁབ་ག་ར་ནང་ འགོ་འདྲེན་འཐབ་དོ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།