བད་ཀན་ནད་གཞི་གི་ཉིནམ་ བརྩི་སྲུང་དང་འབྲེལ་ དུས་ཐུང་སྨན་བཅོས་ལམ་སྟོན་ གསར་བཏོན་འབད་ཡོདཔ།

༉ ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་གི་གྲས་ལས་ འབྲུག་རྒྱལ་ཁབ་ནང་ བད་ཀན་ནད་གཞི་ལུ་བརྟེན་པའི་ གནོད་སྐྱོན་སྦོམ་མེད་དེ་འབད་རུང་ རྒྱལ་ཁབ་ནང་ མི་མང་འཕྲོད་བསྟེན་ལུ་ དཀའ་ངལ་ཅན་ཅིག་ཨིན་པའི་ གཙོ་རིམ་བཟུང་ཡོདཔ་ཨིན་པས།
བད་ཀན་གྱི་ནད་གཞི་དེ་ སྐྱེས་ལོ་༡༥ ལས་༤༤ གི་ བར་ན་འབད་མི་ཚུ་གིས་ མང་སུ་སྦེ་ ཐོབ་དོ་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ བད་ཀན་གྱི་ནད་གཞི་ སྨན་བཅོས་འབད་ནི་དེ་ བརྒྱ་ཆ་༩༠ མཐར་འཁྱོལ་བྱུང་ཡོདཔ་ཨིན་རུང་ སྨན་སྣ་ཚོགས་ཀྱིས་ ཕན་མ་ཐོགས་པའི་ བད་ཀན་གྱི་ནད་གཞི་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ སྨན་སྣ་ཚོགས་ཀྱིས་ ཕན་མ་ཐོགས་པའི་ བད་ཀན་ནད་གཞི་དེ་ སྤྱི་ལོ་༢༠༠༥ ལུ་མི་༦ རྐྱངམ་གཅིག་ཡོད་དེ་འབད་རུང་ སྤྱི་ལོ་༢༠༡༦ ལུ་ ནད་གཞི་ཐོབ་མི་༥༥ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བད་ཀན་གྱི་ནད་གཞི་དེ་ སྤྱི་ལོ་༢༠༡༠ ལུ་༡,༣༢༨ ལས་ སྤྱི་ལོ་༢༠༡༦ ལུ་༡,༡༤༥ ལུ་ མར་བབས་སོང་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ མི་༨༨༡ གིས་ བད་ཀན་ནད་གཞི་ཐོབ་ཡོདཔ་ད་ སྨན་སྣ་ཚོགས་ཀྱིས་ ཕན་མ་ཐོགས་པའི་ནདཔ་༦༠ དང་ བད་ཀན་དང་ ཨེཆ་ཨའི་བི་གཅིག་ཁར་ཐོབ་མི་ནདཔ་༥ ཡོདཔ་བཞིན་དུ་ དེ་ནང་ལས་ བརྒྱ་ཆ་༥༢ ཕོ་སྐྱེས་ཨིན་པས།
སྨན་སྣ་ཚོགས་ཀྱིས་ ཕན་མ་ཐོགས་པའི་ བད་ཀན་ནད་གཞི་དེ་ཡང་ ནད་གཞི་ཐོབ་ཚར་ཞིནམ་ལས་ སྨན་བཅོས་ལེགས་ཤོམ་མ་འབད་མི་དང་ དུས་ཚོད་ཁར་ སྨན་ལེགས་ཤོམ་སྦེ་ མ་བཟའ་མི་ལུ་བརྟེན་ཏེ་ བྱུང་དོ་ཡོདཔ་ཨིན་པས།
དེ་མ་ཚད་ བད་ཀན་གྱི་ ནད་གཞི་ཐོབ་སྟེ་ཡོད་མི་ ནདཔ་དེ་ལུ་ ཨེཆ་ཨའི་བི་དང་ གུ་རམ་གྱི་ནད་གཞི་ དེ་ལས་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ལུ་ཡང་ སྨན་སྣ་ཚོགས་ཀྱིས་ ཕན་མ་ཐོབ་པའི་ ཊི་བི་དེ་ ཐོབ་ཨིན་ཟེར་ཨིན་པས།
འཛམ་གླིང་བད་ཀན་གྱི་ཉིནམ་དེ་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ བརྩི་སྲུང་འབད་ཡོདཔ་ད་ དེ་སྦེ་ བརྩི་སྲུང་འབད་དགོ་མི་དེ་ཡང་ མི་སེར་ཡོངས་ལུ་ བད་ཀན་གྱི་ནད་གཞི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་དང་ མི་སེར་ལུ་ བད་ཀན་གྱི་སྐོར་ལས་ ཡོན་ཏན་འཐོབ་ནིའི་དོན་ལུ་ཨིན་པས།
དུས་ཅི་ བད་ཀན་གྱི་ཉིནམ་དེ་ ཕུན་ཚོགས་གླིང་ ཚན་རིག་དང་འཕྲུལ་རིག་སྤེལ་ཁང་ནང་ འཛམ་གླིང་ནང་ བད་ཀན་ནད་གཞི་མེད་པའི་ འགོ་ཁྲིདཔ་དགོ་པས་ཟེར་བའི་ བརྗོད་དོན་ཐོག་ལུ་ བརྩི་སྲུང་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ བད་ཀན་ནད་གཞི་ རྩ་མེད་གཏང་ནིའི་དོན་ལུ་ འབྲེལ་ཡོད་ལས་འཛིན་ དཔེར་ན་ གཞུང་དང་གཞུང་མིན་ལས་སྡེ་ ཞི་བའི་ལས་ཚོགས་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
བད་ཀན་ནད་གཞི་དེ་ འཛམ་གླིང་དང་ ལུང་ཕྱོགས་ དེ་ལས་ རྒྱལ་ཡོངས་ཀྱི་ མི་མང་གསོ་བའི་འཕྲོད་བསྟེན་ནང་ དཀའ་ངལ་ཆེ་ཤོས་ཅིག་ཨིནམ་ད་ འཛམ་གླིང་ནང་ བད་ཀན་ནད་གཞི་ལུ་བརྟེན་ ཤི་རྐྱེན་བྱུང་མིའི་གྲས་ལས་ མཐོ་ཤོས་༩ གི་གྲངས་སུ་ ཚུད་དེ་ཡོདཔ་སྦེ་ཨིན་པས།
རྒྱལ་ཁབ་ནང་གི་ རྫོང་ཁག་སྨན་ཁང་ཚུ་ནང་ལས་ གསོ་བའི་མཁས་མཆོག་དང་ ཌོག་ཊཪ་༣༤ དེ་ཅིག་གིས་ ན་ཧིང་སྤྱི་ཟླ་༡༠ པའི་ནང་ སྤོ་རོ་ལུ་སྦེ་ འགོ་འདྲེན་འཐབ་མི་ སྨན་སྣ་ཚོགས་ཀྱིས་ ཕན་ཐོགས་མེད་པའི་ བད་ཀན་ནད་གཞི་སྐོར་ལས་ སྦྱོང་བརྡར་ནང་ བཅའ་མར་གཏོགས་ནུག།
སྦྱོང་བརྡར་དེ་ཡང་ སྨན་སྣ་ཚོགས་ཀྱིས་ ཕན་ཐོགས་མེད་པའི་ བད་ཀན་ནད་གཞི་སྐོར་ལས་ དུས་ཐུང་སྨན་བཅོས་ཀྱི་ གོ་བ་བརྡ་སྤྲོད་འབད་ནིའི་དོན་ལུ་ཨིན་པས།
རྒྱལ་ཡོངས་བད་ཀན་ལས་རིམ་ལས་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྨན་སྣ་ཚོགས་ཀྱིས་ ཕན་ཐོགས་མེད་པའི་ བད་ཀན་ནད་གཞི་གི་ དུས་ཐུང་སྨན་བཅོས་ལམ་སྟོན་དེ་ཡང་ བད་ཀན་ནད་གཞི་གི་ཉིནམ་ བརྩི་སྲུང་འབདཝ་དང་འབྲེལ་ཏེ་ གསར་བཏོན་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ ཟླཝ་ཤུལ་མམ་ལས་ འགོ་བཙུགས་ནི་ཨིནམ་ད་ ཧེ་མ་འབད་བ་ཅིན་ སྨན་སྣ་ཚོགས་ཀྱིས་ ཕན་ཐོགས་མེད་པའི་ བད་ཀན་ནད་གཞི་དེ་ ཟླཝ་༢༠ གྱི་རིང་ སྨན་བཅོས་འབད་དགོཔ་ཨིན་རུང་ ད་ལས་ཕར་ ཟླཝ་༩ ལས་༡༡ གི་བར་ན་ མར་ཕབ་འབད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *