བད་ཀན་དང་ མ་འབུ་བའི་ནད་གཞི་ཚུ་ལུ་ གདོང་ལེན།

༉ རྒྱལ་ཁབ་ནང་ བཙག་འཐུ་དང་འབྲེལ་བའི་བྱ་རིམ་ཚུ་ འུར་བྱེལ་འཐབ་པའི་དུས་ཚོད་ལུ་ འཛམ་གླིང་ནང་ གཞུང་མང་ལས་ཚོགས་ སྦོམ་ཤོས་ཅིག་ཨིན་པའི་ འཛམ་གླིང་སྤྱི་ཚོགས་ཀྱིས་ རྒྱལ་སྤྱིའི་མཉམ་འབྲེལ་ ཡར་དྲག་གཏང་ནི་ལུ་ བརྩོན་ཤུགས་བསྐྱེདཔ་མ་ཚད་ མི་མང་གསོ་བའི་འཕྲོད་བསྟེན་ནང་ བད་ཀན་ནད་གཞི་དང་ གཅིག་གིས་གཅིག་ལུ་ མ་འབུ་བའི་ནད་གཞི་ཚུ་ལུ་ གདོང་ལེན་འབད་ནིའི་ བརྩོན་ཤུགས་བསྐྱེདཔ་ཨིན་མས།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཤར་ལྷོ་ཨེ་ཤི་ཡ་དང་ འཐུས་མི་རྒྱལ་ཁབ་གཞན་ཚུ་གིས་ མཉམ་རུབ་ཐོག་ལས་ ནད་གཞི་དེ་ཚུ་ གདོང་ལེན་འབད་དེ་ ལོ་ངོ་མང་རབས་ཅིག་ ལང་ཡོདཔ་ཨིན་རུང་ ལུང་ཕྱོགས་ནང་ ཧ་ལམ་ ཤི་རྐྱེན་བརྒྱ་ཆ་༥༠ དེ་ཅིག་བྱུང་མི་ཚུ་ བད་ཀན་དང་ མ་འབུ་བའི་ནད་གཞི་ཚུ་ལུ་བརྟེན་ཨིན་མས།
དེ་མ་ཚད་ འཛམ་གླིང་ནང་ མ་འབུ་བའི་ནད་གཞི་ཚུ་གིས་སྦེ་ ལོ་ན་མ་རྒསཔ་ལས་ར་ ཤི་རྐྱེན་བྱུང་མི་བརྒྱ་ཆ་༢༩ དེ་ཅིག་ ལུང་ཕྱོགས་འདི་ནང་ཨིན་པའི་ ངོས་འཛིན་འབད་ནུག།
སྤྱི་ལོ་༢༠༡༦ གི་ ཀོ་ལོམ་བོ་གསལ་བསྒྲགས་དང་འཁྲིལཝ་ད་ འཐུས་མི་རྒྱལ་ཁབ་རེ་རེ་བཞིན་དུ་གིས་ ཆུང་རིམ་གནས་ཚད་ཐོག་ མ་འབུ་བའི་ནད་གཞི་ཚུ་ལུ་ གདོང་ལེན་འབད་ནིའི་དོན་ལས་ ཞབས་ཏོག་ཚུ་ གཅིག་སྒྲིལ་བཟོ་ནིའི་ ཁས་བླངས་འབད་ནུག།
མ་གཞི་ འཐུས་མི་རྒྱལ་ཁབ་ཚུ་གིས་ གྲོས་འཛོམས་ཚུ་ འཚོགས་པའི་སྐབས་ལུ་ ཐབས་བྱུས་བཏོན་མི་ཚུ་ རང་སོའི་རྒྱལ་ཁབ་ནང་ལྷོདཔ་ད་ ཚུལ་མཐུན་བསྟར་སྤྱོད་འབད་བ་ཅིན་ ལེགས་ཆ་འོང་ནི་ཨིན་མས།
འབྲུག་ལུ་ འཕྲལ་ཁམས་ཀྱི་ལོ་ཚུ་ནང་ མ་འབུ་བའི་ནད་གཞི་ཚུ་ གསོ་བའི་འཕྲོད་བསྟེན་ནང་ དོ་འགྲན་སྦོམ་ཤོས་ཅིག་སྦེ་ བྱུང་ཡོདཔ་ལས་ རྒྱལ་ཁབ་ནང་ ཤི་རྐྱེན་བྱུང་མི་བརྒྱ་ཆ་༥ དེ་ཅིག་ ནད་གཞི་འདི་ལུ་བརྟེན་ཨིན་མས།
འཛམ་གླིང་དངུལ་ཁང་གིས་ འབྲུག་གི་ འབུ་མིན་ནད་གཞིའི་སྲིད་བྱུས་ནང་ ཚོད་དཔག་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༥ འི་ནང་འཁོད་ལུ་ སྐྱེས་ལོ་༦༥ ཡན་ཆད་འབད་མིའི་ མི་འབོར་གྱི་ཚད་གཞི་དེ་ བརྒྱ་ཆ་༤.༤ ལས་༧.༣ ལུ་ ཡར་སེང་འགྱོ་ནི་ཨིནམ་ལས་ དེ་གིས་ རྒྱལ་ཁབ་ཀྱི་ འཕྲོད་བསྟེན་བདག་འཛིན་ནང་ ཟད་འགྲོ་འབོར་ཆེ་ཏོག་ཏོ་གནས་པའི་ ཚ་གྱང་འདུག།
གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཕྱི་ཁར་སྨན་བཅོས་འབད་བར་བཏང་མི་ བཅོ་ཐབས་མེད་པའི་ མ་འབུ་བའི་ནད་གཞི་ཚུ་གི་ ཟད་འགྲོ་དེ་ ལོག་ལྟབ་སྦེ་ ཡར་སེང་འགྱོ་མི་དེ་ཡང་ དཔལ་འབྱོར་གོང་འཕེལ་ལུ་བརྟེན་ འཚོ་བའི་གནས་སྟངས་དང་འབྲེལ་བའི་ ནད་གཞི་ཚུ་ཡང་ ཡར་འཕར་སོང་ནི་དེ་གིས་ཨིནམ་ད་ དེ་གི་དོན་ལུ་ གཞི་རྟེན་འཕྲོད་བསྟེན་གྱི་ཞབས་ཏོག་ཚུ་ རིན་མེད་སྟོང་པར་སྦེ་ ཡུན་བརྟན་བྱིན་ནི་དེ་ རྒྱལ་ཁབ་ལུ་ དོ་འགྲན་འབྱུང་ནི་མས་ཟེར་ ཨིན་མས།
དེ་འབདཝ་ལས་ སྔ་གོང་ལས་ ནད་བརྟག་འབད་ནི་དང་ སྨན་བཅོས་འབད་ནིའི་དོན་ལུ་ གསོ་བའི་ལས་སྡེ་ཚུ་ནང་ ལྟ་རྟོག་ལམ་ལུགས་ཚུ་ ཡར་དྲག་གཏང་དགོཔ་མ་ཚད་ གསོ་བའི་ལས་བྱེདཔ་ཚུ་གི་ ཁྱད་རིག་དང་ ལྕོགས་གྲུབ་ཚུ་ཡང་ ཡར་སེང་འབད་དགོཔ་འདུག།
གསོ་བའི་མཁས་མཆོག་ཚུ་གིས་འབད་བ་ཅིན་ མ་འབུ་བའི་ནད་གཞི་ཚུ་ སྔོན་འགོག་དང་ ཚད་འཛིན་འབད་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བར་འབྲེལ་འཐབ་སྟེ་ འོས་འབབ་དང་ལྡན་པའི་ ཐབས་བྱུས་ཚུ་ ངེས་པར་དུ་ བཏོན་དགོཔ་འདུག་ཟེར་ཨིན་མས།
མ་གཞི་ རྒྱལ་ཁབ་ནང་ མ་འབུ་བའི་ནད་གཞི་ཚུ་ལུ་བརྟེན་པའི་ གནོད་ཉེན་ཚུ་ མར་ཕབ་རྐྱབ་ནིའི་དོན་ལུ་ རྒྱལ་ཡོངས་ཀྱི་ ལག་ལེན་འཆར་གཞི་དང་ དམིགས་གཏད་ཚུ་ བཟོ་ཡོད་མི་དང་བསྟུན་ འཐུས་ཤོར་མེད་པར་ ལག་ལེན་སྒྲིང་སྒྲི་སྦེ་ འཐབ་ཚུགས་པ་ཅིན་ གདོང་ལེན་འབད་མ་ཚུགས་པའི་ དཔེ་མི་སྲིད།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *