བཅའ་ཁྲིམས་ནང་མེད་རུང་ ཁང་གླའི་འཐུས་ཐོབ་དོ་ཡོདཔ།

༉ ས་གནས་གཞུང་གི་ འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་༢༠༡༥ ཅན་མ་དང་འཁྲིལ་བ་ཅིན་ ཁྲོམ་དཔོན་ཚུ་གིས་ ཁྱིམ་ཁང་གླའི་འཐུས་ མི་ཐོབ་ནི་ཨིན་རུང་ ད་རེས་ ཐོབ་དོ་ཡོདཔ་ཨིན་པས།

གནད་དོན་དེའི་ཐོག་ལུ་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ གསུང་གྲོས་གནང་པའི་སྐབས་ ཀྲོང་གསར་གྱི་འཐུས་མི་ མཐར་ཕྱིན་གྱིས་ ཞུ་མིའི་ནང་ མ་གཞི་ བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ས་གནས་གཞུང་གི་ འཐུས་མི་ཚུ་གིས་ ཁང་གླའི་འཐུས་ མི་ཐོབ་ནི་ཨིན་རུང་ ད་རེས་ ཐོབ་ཡོད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ ལོགས་གཅིག་ལས་བལྟ་བ་ཅིན་ ཞི་གཡོག་ནང་ ཁྲོམ་དཔོན་དེ་ བཀོད་ཚོགས་སྡེ་རིམ་༢ པའི་ནང་ ཚུད་དོ་ཡོདཔ་ལས་ ཁང་གླ་སྤྲོད་དགོ་པ་ཅིན་ སྡེ་རིམ་༢ པ་དང་བསྟུན་ བྱིན་ནིའི་འོས་འབབ་ མཐོངམ་མས་ཟེར་ཨིན་པས།
འཐུས་མི་ཚུ་གིས་འབད་བ་ཅིན་ ད་རེས་ གཞུང་གིས་ ཁྲོམ་དཔོན་གྱི་དོན་ལུ་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༩,༡༠༠ རེ་བྱིན་མི་དེ་ ལམ་ལུགས་ལས་ བརྒལ་བ་ཨིནམ་ལས་ དེའི་སྐོར་ལས་ གཞུང་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ གཞུང་གིས་ དུས་ཅིའི་ལོ་ མཇུག་བསྡུ་ཁམས་ཅིག་ལས་ འཚམས་འཇོག་འབད་ནི་ཨིན་ཟེར་སླབ་མི་དེ་ ཧ་གོ་མ་ཚུགས་ཟེར་ཨིན་པས།
སྤ་རོའི་འཐུས་མི་ ཀ་ཀ་ཚེ་རིང་གིས་འབད་བ་ཅིན་ ད་རེས་ ས་གནས་གཞུང་གི་ འཐུས་མི་ཚུ་གི་དོན་ལུ་ ཉེན་བཅོལ་གྱི་ ལམ་ལུགས་ཚུ་ཡང་ སྤྱི་གཡོགཔ་ཚུ་དང་ མི་མཐུན་པས་ཟེར་ཨིནམ་ད་ དེ་ཡང་ ཁྲོམ་དཔོན་ཚུ་གིས་ ཉེན་བཅོལ་འཐུས་༥༠༠ དང་ རྒཔོ་གི་དོན་ལུ་༤༠༠ དེ་ལས་ དམངས་མི་དང་ ཁྲོམ་སྡེའི་འཐུས་མི་ལུ་༣༠༠ བཟོ་མི་དེ་ཡང་ སྤྱི་གཡོག་བཟུམ་སྦེ་ གཅིག་མཚུངས་བཟོ་དགོཔ་འདུག་ཟེར་ཞུ་ཡི།
དར་དཀར་ནང་གི་འཐུས་མི་ བསོད་ནམས་རྡོ་རྗེ་གིས་ མ་གཞི་ ཞི་གཡོགཔ་ཚུ་དང་འཕྱད་པ་ཅིན་ ས་གནས་གཞུང་གི་ འཐུས་མི་ཚུ་ལུ་ ཁང་གླ་རྐྱངམ་གཅིག་མེན་པར་ སྣུམ་འཁོར་གྱི་ ཐོབ་སྐལ་ཚུ་ཡང་ ཐོབ་དགོཔ་འདུག་ཟེར་ཞུ་ཡི།
དེ་ཡང་ རྒཔོ་དེ་ ཞི་གཡོག་སྡེ་རིམ་ པི་ཊུ་ནང་ཚུད་དོ་ཡོདཔ་ལས་ རྒཔོ་གིས་ སྣུམ་འཁོར་གྱི་ ཐོབ་སྐལ་ཐོབ་ནིའི་ འོས་འབབ་ཡོད་རུང་ དེའི་སྐོར་ལས་ཡང་ ས་གནས་གཞུང་གི་ འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་ནང་ འཁོད་དེ་མེདཔ་ལས་ དེ་ཡང་ ཐོབ་དགོཔ་འདུག་ཟེར་ཞུ་ཡི།
བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ ལོགས་གཅིག་ལས་ གཞུང་ལུ་ ཏི་རུ་མེད་ཟེར་སླབ་རུང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་༢༠ གི་ དྲང་དཔོན་དང་ བླམ་གནས་བརྟན་ཚུ་གི་དོན་ལུ་ གཞུང་འཁོར་ཉོ་མི་དང་ རྒེད་འོག་༡༩༩ གི་དོན་ལུ་ སྣུམ་འཁོར་བོ་ལི་རོ་ བཀྲམ་སྤེལ་འབད་མི་དེ་གིས་ སྣུམ་འཁོར་༥༠༠ ལྷགཔ་ཅིག་ མཁོ་སྒྲུབ་འབད་ཐངས་ལུ་ བལྟ་བ་ཅིན་ རྒཔོ་གི་དོན་ལུ་ཡང་ སྣུམ་འཁོར་གྱི་ ཐོབ་སྐལ་དགོཔ་འདུག་ཟེར་ཞུ་ཡི།
འཐུས་མི་ཚུ་གིས་འབད་བ་ཅིན་ ཁྲོམ་དཔོན་དེ་ ཞི་གཡོག་བཀོད་ཚོགས་སྡེ་རིམ་༢ པའི་ནང་ ཚུད་དོ་ཡོདཔ་ལས་ ཁོང་ལུ་ཡང་ གཞུང་གི་ སྣུམ་འཁོར་ཐོབ་སྐལ་གྱི་ འོས་འབབ་འདུག་ཟེར་ཨིནམ་ད་ དེ་གིས་ འགན་འཁྲི་འབག་ནིའི་དོན་ལས་ སེམས་ཤུགས་བསྐྱེད་བཅུག་ནི་ལུ་ ཕན་ཐོགས་འབྱུང་ནིའི་ གོ་སྐབས་འདུག་ཟེར་ཞུ་ཡི།
ཨིན་རུང་ གནད་དོན་དེ་ཚུའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ མཐའ་དཔྱད་གསུང་གྲོས་གནང་ཐོག་ལས་ གྲོས་ཐག་གཅད་ནི་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མགར་ས་ཁྲོམ་ ཡར་རྒྱས་བཏང་ཐབས་ལུ་ གཙོ་རིམ་སྒྲིག་ཡོདཔ།

༉ ད་ལྟོ་ཚུན་ མགར་ས་རྫོང་ཁག་ནང་ ཁྲོམ་རྒྱ་ཆེཝ་ཅིག་མེད་ནི་དེ་གིས་ གནས་སྐོར་འོང་མི་དང་ ཚ་ཆུའི་དོན་ལུ་ འོང་མི་ཚུ་ལུ་ དཀའ་ངལ་འབྱུང་མི་དེ་ སེལ་ཐབས་ལུ་ ཁྲོམ་ཡར་རྒྱས་བཏང་དགོཔ་འོས་ལྡན་དང་བསྟུན་ གཞུང་གིས་ འཆར་གཞིའི་ནང་ གཙོ་རིམ་སྒྲིག་ཡོདཔ་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *