བང་ལ་དེཤ་ལུ་ རྡོ་སྐྱེལ་འདྲེན་འབད་མི་ འབྲུག་པའི་སྣུམ་འཁོར་ཊཱག་ཚུ་ ས་མཚམས་ཁར་ ཐོགས་ལུས་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༣༡ ལས་ བང་ལ་དེཤ་གི་ས་གནས་ བག་ལ་བཱད་ལུ་ཐོགས་ལུས་མི་ འབྲུག་པའི་སྣུམ་འཁོར་ཊཱག་༡༠༢ དང་ དེད་གཡོགཔ་ཚུ་ སྤྱི་ཟླ་༩ པའི་ཚེས་༦ གི་ཕྱི་རུ་ རྒྱ་གར་གྱི་ས་མཚམས་ ཕུལ་བ་རི་ལུ་ ལོག་འོང་ཡོདཔ་ཨིན་པས།

འབྲུག་པའི་ཊཱག་ཚུ་ བང་ལ་དེཤ་ལུ་ རྡོ་འབག་སྟེ་ རྒྱ་གར་དང་ བང་ལ་དེཤ་གི་ས་མཚམས་ ཕུལ་བ་རི་དང་ བག་ལ་བཱད་བརྒྱུད་དེ་ འགྱོ་དོ་ཡོདཔ་ཨིན་པས།

འབྲུག་ཕྱིར་བཙོང་མཐུན་ཚོགས་ཀྱིས་ བཤད་མིའི་ནང་ འབྲུག་པའི་ཊཱག་ཚུ་ རྡོ་བསྐྱལ་བཞག་སྟེ་ སྟོངམ་སྦེ་ ལོག་འོང་དོ་ཡོདཔ་ཨིན་རུང་ སྤྱི་ཟླ་༨ པའི་ཚེས་༣༡ ལས་ ལས་མི་དང་འབྲེལ་བའི་ སྟབས་མ་བདེཝ་ཐོན་ཡོདཔ་ལས་ ཊཱག་ཚུ་ བག་ལ་བཱད་ལུ་ ཐོགས་ལུས་ཡོདཔ་ཨིན་པས།

འབྲུག་ཕྱིར་བཙོང་མཐུན་ཚོགས་ཀྱི་དྲུང་ཆེན་ ཚེ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ལས་མིའི་སྡེ་ཚན་ཚུ་གིས་ བང་ལ་དེཤ་ལུ་འགྱོ་མི་ སྣུམ་འཁོར་ཊཱག་རེ་ལས་ བལ་ལ་དེཤ་གི་ཏི་རུ་ ཊ་ཀ་༣༠༠ རེ་དགོཔ་སྦེ་སླབ་སྟེ་ སྣུམ་འཁོར་རྒྱུན་འགྲུལ་འབད་ནི་ལས་ བཀག་བཞག་ནུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལས་མི་ཚུ་གིས་ ཁོང་གིས་ མཁོ་མངགས་དེ་ མ་གྲུབ་ཚུན་ ཊཱག་དང་དེད་གཡོགཔ་ཚུ་ མི་གཏང་ཟེར་སླབ་ཡོདཔ་ད་ གནད་དོན་དེ་ ཊཱག་ཚུ་བག་ལ་བཱད་ལུ་ འཛུལ་ཞིནམ་ལས་རྐྱངམ་གཅིག་ ཐོན་ནུག་ཟེར་ཨིན་པས།

ཚེ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་  དེད་གཡོགཔ་ཚུ་ བཞེས་སྒོ་དང་ གསང་སྤྱོད་ཀྱི་ མཐུན་རྐྱེན་ལེགས་ཤོམ་མེད་པའི་ ཅ་དམ་གྱི་ཁྱིམ་ནང་བཞག་ཡོདཔ་ད་ དེད་གཡོགཔ་ཚུ་ལུ་ བཞེས་སྒོ་ཉོ་ནིའི་ཏི་རུ་ཡང་ མ་ལང་པར་སྡོད་ཡོདཔ་ཨིན་རུང་ ད་ལྟོ་ག་ར་ ཉེན་སྲུང་དང་ལྡནམ་སྦེ་ ལོག་ལྷོད་དེ་ཡོད་ཟེར་ཨིན་པས།

འབྲུག་ཕྱིར་བཙོང་མཐུན་ཚོགས་ཀྱིས་ དྲུང་ཆེན་གྱིས་ ད་རེས་ནངས་པར་ སྣུམ་འཁོར་ཊཱག་ཚུ་ འཕྲུལ་ཆས་ཀྱི་ཐོག་ལས་ ལས་མི་མ་དགོ་པར་ རྡོ་བཏོན་བཏུབ་ཟེར་ བཤདཔ་ཨིན་པས།

ཨིན་རུང་ དཀའ་ངལ་དེ་ སེལ་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ དེ་ཡང་ ཊཱག་༡༠༠༠ དེ་ཅིག་ བག་ལ་བཱད་ལུ་ རྡོ་བསྐྱལ་ནིའི་དོན་ལུ་ ཕུ་ལ་བ་རི་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འབྲུག་པའི་ཊཱག་ཚུ་ ད་རེས་འབདཝ་ད་ ཉིན་གྲངས་༨ ལཱ་ག་ནི་ཡང་མེད་པར་ ཐོགས་ལུས་ཏེ་ཡོད་ཟེར་ཨིན་པས།

དྲུང་ཆེན་གྱིས་ སླབ་མིའི་ནང་ བང་ལ་དེཤ་ལུ་ རྡོ་ཚུ་ རྒྱ་གར་ལས་ སྐྱེལ་འདྲེན་འབད་དོ་ཡོདཔ་ཨིན་རུང་ ད་རེས་ ཀྱི་དུས་ཚོད་ནང་ རྒྱ་གར་ལུ་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེདཔ་ལས་ སྐྱེལ་འདྲེན་མར་བབས་སོང་ཡོདཔ་ལས་ འབྲུག་པའི་ཕྱིར་བཙོང་པ་ཚུ་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ ཁེ་ཕན་དེ་ སྤྱོད་མ་ཚུགས་ཟེར་ཨིན་པས།

འབྲུག་ཕྱིར་བཙོང་མཐུན་ཚོགས་ཀྱིས་ ཌ་ཀ་ལུ་ཡོད་པའི་ འབྲུག་པའི་སྐུ་ཚབ་ཡིག་ཚང་དང་ པཱན་ཅ་ར་གི་ ས་གནས་དབང་འཛིན་ཚུ་ལས་ གྲོགས་རམ་འཚོལ་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *