༉ འབྲུག་ལས་ བང་ལ་དེཤ་ལུ་ རྡོ་བཙོང་ནི་དེ་ འདས་པའི་ལོ་ངོ་༡ གི་ནང་ བརྒྱ་ཆ་༥༠༠ དེ་ཅིག་ ཡར་སེང་སོང་ཡོད་རུང་ དེ་དང་གཅིག་ཁར་ དོ་འགྲན་ཚུ་ཡང་ བྱུང་དོ་ཡོད་པའི་སྐོར་ལས་ ཕྱིར་ཚོང་འཐབ་མི་ཚུ་གིས་ བཤདཔ་ཨིན་པས།
འདས་པའི་ཟླཝ་ནང་ རྡོ་འབག་མི་ སྣུམ་འཁོར་ཊཱག་༡༥༠ ལྷགཔ་ཅིག་ རྒྱ་གར་དང་ བང་ལ་དེཤ་གི་ས་མཚམས་ ཕུལ་བཱ་རི་ལུ་ ས་གནས་ཀྱི་ མི་ཚུ་གིས་ གནད་དོན་ཁ་གསལ་ཅིག་ ག་ནི་ཡང་མེད་པར་ བཀག་ཡོདཔ་ཨིན་པས།
ཊཱག་ཚུ་ཡང་ ཉིནམ་༡༠ གྱི་རིང་ བཀག་བཞག་པའི་ཤུལ་ལས་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་རྐྱངམ་གཅིག་བཏང་ནུག།
ཕྱིར་ཚོང་ལས་སྡེའི་ ཇོ་བདག་ཅིག་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ གནས་སྟངས་ལུ་ གཞུང་གིས་ རྒྱབ་སྐྱོར་གནང་པ་ཅིན་མ་གཏོགས་ ཕྱིར་ཚོང་འཐབ་མི་ཚུ་ལུ་ ག་ནི་ཡང་འབད་ཐབས་མེད་ཟེར་ཨིན་པས།
ཕྱིར་ཚོང་ལས་སྡེའི་ཇོ་བདག་གིས་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་འཐོན་དགོ་པའི་ གནད་དོན་མ་འདྲཝ་ འོང་སྲིད་ནི་ཨིནམ་ལས་ རྒྱ་གར་གྱིས་ཡང་ བང་ལ་དེཤ་ལུ་ རྡོ་ཕྱིར་བཙོང་འཐབ་དོ་ཡོད་རུང་ བང་ལ་དེཤ་གིས་ ཁྲལ་གྱི་ཁེ་ཕན་ལུ་བལྟ་སྟེ་ འབྲུག་པའི་རྡོ་གདམ་དོ་ཡོདཔ་ལས་ དེ་གིས་ ས་གནས་ཀྱི་ མི་ཚུ་ལུ་ ཙིགཔ་ཟ་བཅུག་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ འབྲུག་གིས་ བང་ལ་དེཤ་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༢༧.༤ གནས་པའི་ རྡོ་མེ་ཊིག་ཊཱོན་ས་ཡ་༡.༨༤ ཕྱིར་བཙོང་འཐབ་ཡོད་མི་དེ་ སྤྱི་ལོ་༢༠༡༦ དང་ཕྱདཔ་ད་ ཡར་སེང་སོང་ཡོདཔ་ཨིན་པས།
འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ དེ་བཟུམ་མའི་ དཀའ་ངལ་དེ་ འཕྲལ་འཕྲལ་རང་ འཐོན་ནི་ཡོད་ཟེར་ཨིན་པས།
ཕྱིར་ཚོང་འཐབ་མི་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ སྤྱི་ཟླ་༦ པའི་ཚེས་༦ གི་ཕྱི་རུ་ ས་མཚམས་ཀྱི་ས་གནས་ ཧ་ཤི་མ་ར་ལུ་ འབྲུག་པའི་སྣུམ་འཁོར་ཊཱག་༤ བཀག་བཞག་ནུག་ཟེར་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་གིས་ སླབ་མིའི་ནང་ སྣུམ་འཁོར་གྱི་ ཡིག་ཆ་ཚུ་འཕྱོག་སྟེ་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་སྡེ་ཚན་གྱིས་ ཊཱག་རེ་ལས་ དངུལ་ཀྲམ་༣༠,༠༠༠ དང་ ༤༠,༠༠༠ གི་བར་ན་ ལེནམ་མས་ཟེར་ཨིན་པས།
དེ་མ་ཚད་ སྣུམ་འཁོར་རྒྱུན་འགྲུལ་ཞིབ་དཔྱོདཔ་ཚུ་གིས་ ཧ་ཤི་མ་ར་ལུ་ བཞག་བཞག་མི་ སྣུམ་འཁོར་དེད་གཡོགཔ་ཚུ་ལས་ཡང་ དངུལ་ཀྲམ་༧,༠༠༠ དང་༡༠,༠༠༠ གྱི་བར་ན་ ལེནམ་མས་ཟེར་ཨིན་པས།
ཊཱག་ཚོགས་པའི་ཁྲི་འཛིན་ བི་བི་ཏ་མང་གིས་ སླབ་མིའི་ནང་ འབྲུག་འདི་ རྒྱ་གར་དང་ བང་ལ་དེཤ་རྒྱལ་ཁབ་གཉིས་ཆ་ར་དང་གཅིག་ཁར་ མཐུན་ལམ་དམ་ཟབ་ཡོདཔ་བཞིན་དུ་ འཕྲལ་ཁམས་ཅིག་ཁར་ རྡོ་ཕྱིར་བཙོང་གི་ ཚད་གཞི་དེ་ཡང་ ཡར་སེང་སོང་སྟེ་ཡོད་ཟེར་ཨིནམ་ད་ ལམ་བདའ་སྟེ་ དཀའ་ངལ་དང་ སྟབས་མ་བདེཝ་ ཨ་ཙི་རེ་ འཐོན་སྲིད་རུང་ ང་བཅས་ཀྱིས་ རྒྱལ་ཁབ་༢ ཀྱི་ འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་བཞིན་དུ་ཡོད་ཟེར་ བི་བི་ཏ་མང་གིས་ བཤདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།