༉ ཁ་ཙ་ བང་ལ་དེཤ་ལུ་ འབྲུག་གི་གཞུང་ཚབ་ བསོད་ནམས་ཊི་ རབ་རྒྱས་ཀྱིས་ བང་ལ་དེཤ་མི་སེར་རྒྱལ་ཁབ་གཞུང་གི་ གསོ་བ་དང་ བཟའ་ཚང་ཕན་བདེའི་བློན་པོ་ མོ་ཧ་མཱཌ་ ན་སིམ་ལས་ ཉེ་བར་མཁོ་བའི་ སྨན་རིགས་ཀྱི་ ཤོག་སྒམ་ཅིག་ འབྲུག་གཞུང་གི་མགྲིན་ཚབ་ལུ་ རྩིས་ལེན་མི་དེ་ཡང་ འབྲུག་རྒྱལ་ཁབ་ལུ་ ཉེར་མཁོའི་སྨན་རིགས་༢༥༨ མཁོ་སྤྲོད་འབད་ནིའི་ རྟེན་འབྲེལ་གྱི་ ཚུལ་ལུ་ཨིན་པས།
སྤྱི་ལོ་༢༠༡༧ ཟླ་༤ པའི་ནང་ བང་ལ་དེཤ་གི་བློན་ཆེན་ ཤེག་ཧ་སི་ན་མཆོག་ འབྲུག་ལུ་ རྒྱལ་ཁམས་ཀྱི་ གཟིགས་སྐོར་ནང་བྱོནམ་ད་ འབྲུག་གཞུང་གི་ཧོངས་ལས་ བང་ལ་དེཤ་ལུ་ ལོ་༡ གི་དོན་ལས་ ཉེས་མཁོའི་སྨན་རིགས་ཚུ་ བཀྲམ་སྤེལ་འབད་དགོ་པའི་ ཞུ་བ་འབད་ཡོད་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
སྨན་རིགས་ཚུ་ཡང་ གསོ་བའི་ལྷན་ཁག་ལུ་ དུས་ཅི་ སྤྱི་ཟླ་༩ པ་དང་༡༠ པ་ དེ་ལས་༡༡ པའི་ནང་ གོ་རིམ་གསུམ་སྦེ་ རྩིས་སྤྲོད་ནི་ཨིན་པས།
འབྲུག་གིས་ སྤྱི་ལོ་༡༩༧༡ ཟླ་༡༢ པའི་ཚེས་༦ ལུ་ བང་ལ་དེཤ་དེ་ རང་དབང་ཅན་གྱི་ རྒྱལ་ཁབ་སྦེ་ ངོས་འཛིན་འབད་མི་ རྒྱལ་ཁབ་དང་པ་ འབད་ཞིནམ་ལས་ཚུར་ འབྲུག་དང་ བང་ལ་དེཤ་གི་བར་ན་ དམིགས་བསལ་གྱི་ མཐུན་ལམ་དང་ རྒྱལ་རབས་དང་ སྲིད་དོན་དབུ་ཁྲིད་ལུ་ གཞི་བཞག་མི་ གོ་བརྡ་ཚུ་ ལེགས་ཤོམ་སྦེ་ གནས་ཏེ་ཡོད་པའི་གནས་ཚུལ།
