བསྟན་འཛིན་ལེགས་འཕེལ།
སྐྱེས་ལོ་༥༣།
ཤེས་ཚད། སོ་ནམ་གོང་འཕེལ་ནང་ ཚན་རིག་མཐོ་རིམ་གོང་མ་དང་ མཐོ་རིམ་ཤེས་ཡོན།
ཉམས་མྱོང་། མཉམ་རུབ་ཚོགས་པ་དང་ འཛིན་སྐྱོང་ཞིབ་འཇུག་སྤེལ་ཁང་ གཞི་བཙུགས་འབད་མི་དང་ བཀོད་ཁྱབ་གཙོ་འཛིན་ དེ་ལས་ གཞི་གཡོག་ནང་ལོ་༡༧ དང་ དམག་སྡེ་ནང་ལོ་༥ ཕྱག་ཞུ་ཡོདཔ།
ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ཉེན་ཁ་འབག་ཚུགས་མི་ འཛིན་སྐྱོང་དང་ ལས་སྡེ་དང་འབྲེལ་བའི་ འགོ་འདྲེན་འཐབ་ཚུགས་མི།
ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
མི་སེར་གྱི་ འོང་འབབ་ཡར་སེང་འབད་ནི་དོན་ལུ་ སོ་ནམ་ལག་ལེན་ནང་ བསྒྱུར་བཅོས་འབད་ནི་དང་ སོ་ནམ་པའི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ཚུགསཔ་བཟོ་ནི། མི་སེར་ཚུ་གི་དོན་ལུ་ གསོ་བའི་ཞབས་ཏོག་ ལེགས་ཤོམ་བཟོ་ནི།
ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
མི་ཚུ་དང་ འབྲེལ་བ་འཐབ་སྟེ་ ཁོང་རའི་འཚོ་བའི་གནས་སྟངས་དང་ གདོང་ལེན་ཚུ་ ཧ་གོ་ཐབས་འབད་ནི་ལུ་དགའ་བས། བཙག་འཐུའི་བྱ་རིམ་ནང་ ཆ་རོགས་གསརཔ་བཟོཝ་དང་གཅིག་ཁར་ དོ་འགྲན་པ་ཡང བཟོ་དོ་ཡོདཔ་ལས་ འདི་མི་དགའ་བས།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
ན་གཞོན་དང་འབྲེལ་བའི་ དཀའ་ངལ་དེ་ གདོང་ལེན་སྦོམ་ཤོས་ཅིག་སྦེ་མཐོངམ་མས། ང་བཅས་ཀྱིས་ ན་གཞོན་ཚུ་ལུ་ དྲནམ་བཏོན་ཏེ་ ཁོང་ལུ་ དགོ་མི་ཚུ་ གཙོ་རིམ་མ་བཟུང་པ་ཅིན་ མ་འོངས་པ་ལུ་ དཀའ་ངལ་སྦོམ་འབྱུང་འོང་།
མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་གིས་ མི་སེར་དང་ རྒྱལ་ཁབ་ཀྱི་ ངོ་ཚབ་འབད་ནིའི་དོན་ལས་ ད་རིས་འབདཝ་ད་ ལན་ཐེངས་༣ བཅའ་མར་གཏོགས་དོ། མཉམ་རུབ་ཚོགས་པའི་དམིགས་ཡུལ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་དེ་ མི་སེར་དང་ རྒྱལ་ཁབ་ཀྱི་དོན་ལུ་ ཚ་གྱང་ཅིག་ཨིན། གསོ་བ་དེ་ གཙོ་རིམ་ཅན་ཅིག་ཨིན།
ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
ང་རའི་མཉམ་རོགས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ལུ་ ཟླ་ངོ་༢ ཀྱི་རིང་ གཅིག་ཁར་སྡོད་མི་དང་ ང་རའི་འདེམས་ཁོངས་ཀྱི་ མི་སེར་ལུ་ བཀྲིན་བསམ་ནི།
མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ང་བཅས་ མི་མང་དང་ སྦྲེལ་མཐུད་འབད་ཚུགསཔ་མ་ཚད་ ང་བཅས་རའི་ འཆར་སྣང་དང་ ལྟ་བ་ཚུ་ བརྗེ་སོར་འབད་ནིའི་ གོ་སྐབས་ཐོབ་ལས་ ཕན་པ་འདུག། དེ་བཟུམ་སྦེ་ མི་ཚུ་ལུ་ དོན་དག་ག་ནི་ཡང་མེད་པའི་ མ་བདེན་པའི་ གཏམ་བཤད་ནིའི་ ས་གོ་བྱིནམ་ལས་ གནོད་པ་འདུག།