ཚོང་ལས་འཕྲུལ་ཁང་ནང་ དར་ཚིལ་བཟོ་བའི་བསྒང་།

བཀྲིས་སྒང་ ཀོ་ཕུ་ཀུ་རྒྱལ་སྤྱི་ཚོང་ལས་ཁང་གི་ དར་ཚིལ་ཐོན་སྐྱེད་ བཙོང་ནི་ལུ་དཀའ་ངལ།

༉ འབྲུག་ལུ་ ནང་འདྲེན་འབད་མི་ཞོའི་ཚབ་ལུ་ བཀྲིས་སྒང་ ཆེ་ན་རི་ལུ་ ཀོ་ཕུ་ཀུ་རྒྱལ་སྤྱི་ལས་སྡེ་གིས་ ཨོ་ཆས་ཐོན་སྐྱེད་གཞི་བཙུགས་འབད་མི་ནང་ལས་ བཀྲམ་སྤེལ་འབད་ནི་ཨིན་པའི་ཁར་ འབྲུག་མཁའ་འགྲུལ་གྱི་ གནམ་གྲུ་གཉིས་ ཀྱི་ནང་ན་ བཟའ་ནི་ལྟོ་དང་གཅིག་ཁར་ བཟའ་ནི་ལུ་ ཁོང་གིས་ བཀྲམ་སྤེལ་འབད་ནི་ཟེར་ ཁས་བླང་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པ་ལས་འགོ་བཙུགས་ ཀོ་ཕུ་ཀུ་རྒྱལ་སྤྱི་ལས་སྡེ་གིས་ འབྲུག་གི་གནམ་གྲུ་ནང་ བདུན་ཕྲག་ཨ་རྟག་ར་ ཞོ་ཕོརཔ་༦,༠༠༠ དེ་རེ་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
ཚོང་ལས་ཁང་དེ་ བཞེས་སྒོ་ཉེན་སྲུང་འཛིན་སྐྱོང་ལམ་ལུགས་ཐོག་ལུ་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ ངོ་སྦྱོར་འབད་ཡོད་པའི་ ཚོང་ལས་ཅིག་ཨིན་པས།
ཚོང་ལས་ཁང་དེ་ནང་ལས་ ཨོམ་གྱི་བཟོ་མིའི་ ཟ་ཆས་སྣ་ཚོགས་ཀྱི་དོན་ལུ་ དུས་ཅི་ སྤྱི་ཟླ་༩ པ་ལས་ ཞོ་ནང་ ནད་འབུབ་མི་འཐོབ་ནིའི་ རྫས་སྦྱོར་ཚུ་ བླུགས་ཡོདཔ་མ་ཚད་ དབྱེ་དཔྱད་འགོ་དཔོན་ཚུ་གིས་ འོས་འབབ་ཡོད་པའི་སྐོར་ བསམ་འཆར་ལེགས་ཤོམ་བཀོད་ཅི་ཟེར་ཨིན་པས།
ཚོང་ལས་ཁང་གི་ འགོ་དཔོན་ཚུ་གིས་ འབད་བ་ཅིན་ ད་ལྟོ་ སྤང་ཚལ་ལུ་གིས་ ཞོ་བཟོ་དོ་ཡོདཔ་ད་ ད་རུང་ བྲོཝ་ལེགས་ཤོམ་འཐོན་ནིའི་དོན་ལུ་ རྫས་སྦྱོར་གཞན་ཚུ་ཡང་ སླ་བསྲེ་རྐྱབ་སྟེ་ བླུགས་ནི་ཟེར་ཨིན་པས།
ཚོང་ལས་ཁང་གི་ བཀོད་ཁྱབ་འགོ་དཔོན་གྱིས་ འབད་བ་ཅིན་ ཚོང་ལས་ཁང་དེ་ ཧེ་མ་འབདཝ་ད་ ཁོང་གིས་བཟོ་ཡོད་པའི་ ཐོན་སྐྱེད་ཚུ་ ཁྲོམ་ཁར་བཅོང་ནི་ལུ་ གདོང་ལེན་སྦོམ་བྱུངམ་མས་ཟེར་ཨིན་པས།
ཚོང་ལས་ཁང་དེ་ནང་ ཉིནམ་རེ་ལུ་ ཞོ་ཕོརཔ་༣༠,༠༠༠ དེ་རེ་ བཟོ་ཚུགས་རུང་ ཚོང་འབྲེལ་འཐབ་སའི་ ཚོང་ཁྲོམ་མེད་པའི་ གདོང་ལེན་བྱུངམ་མས་ཟེར་ བཀོད་ཁྱབ་འགོ་དཔོན་གྱི་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ ཞོ་བཙོང་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་ལུ་ གྲོས་འཆར་བཙུགས་ཅི་ཟེར་ཨིནམ་ད་ ཨོམ་གྱིས་བཟོ་མིའི་ཟས་རིགས་ཚུ་ བཅུད་ལྡན་ཨིནམ་ལས་ བཞེས་སྒོ་གཞན་དང་མ་འདྲཝ་སྦེ་ཡོདཔ་ལས་ སློབ་ཕྲུག་ཚུ་ ཟས་བཅུད་ཉུང་བའི་ ན་ཚ་མ་འཐོབ་ནིའི་དོན་ལུ་ ཞོ་བྱིན་པ་ཅིན་ ཕན་ཐོགས་བྱུང་འོང་ཟེར་ གཙོ་འཛིན་ཨྱོན་དོན་གྲུབ་ཀྱིས་སླབ་ཨིན་པས།
ཁོ་གིས་ བཀྲིས་སྒང་དང་ མོང་སྒར་ རྫོང་ཁག་གཉིས་ཀྱི་ ཤེས་རིག་འགོ་དཔོན་དང་ གྲོས་བསྟུན་འབད་ཞིནམ་ལས་ ད་ལྟོ་ རྫོང་ཁག་དེ་༢ ཀྱི་ སློབ་གྲྭ་ནང་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ ཟླ་རིམ་བཞིན་དུ་ ཞོ་ཕོརཔ་༦,༠༠༠ བཀྲམ་སྤེལ་འབད་དོ་ཡོད་རུང་ སློབ་གྲྭ་ནང་ མ་དངུལ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ སློབ་ཕྲུག་ཚུ་གིས་ བཅུད་ལྡན་གྱི་བཞེས་སྒོ་ ཞོ་འཐུང་ནིའི་གོ་སྐབས་ ཐོབ་མ་ཚུགས་མི་གིས་ གནོད་ཉེན་ཡོདཔ་ལས་ ཨ་ལོ་གཟུགས་སྟོབས་སྦོམ་འགྱོ་བའི་སྐབས་ བཞེས་སྒོ་ལེགས་ཤོམ་བྱིན་དགོ་ཟེར་ཨིན་པས།
ཕྱི་རྒྱལ་ལས་ནང་འདྲེན་འབད་མིའི་ དར་ཚིལ་གྱི་ཚབ་ལུ་ ཟས་བཅད་ལྡན་པའི་ གའུ་དཱ་ཟེར་མིའི་ དར་ཚིལ་དེ་ བཟོ་ནི་ཟེར་ཨིན་མ་ད་ ཨྱོན་དོན་གྲུབ་ཀྱིས་ འབད་བ་ཅིན་ ལོ་བསྟར་བཞིན་དུ་ ཕྱི་རྒྱལ་ཁབ་ལས་ དངུལ་ཀྲམ་ཐེར་འབུམ་༡.༦ དེ་ཅིག་གི་དར་ཚིལ་ ནང་འདྲེན་འབད་དོ་ཡོདཔ་ལས་ ཚོང་ལས་ཁང་གིས་ དར་ཚིལ་བཟོ་ནི་ འགོ་བཙུགས་མི་ལུ་བརྟེན་ ནང་འདྲེན་འབད་ནི་དེ་ དུམ་གྲ་ཅིག་ མར་ཕབ་འབད་ཚུགས་ཟེར་ཨིན་པས།
ཚོང་ལས་འགོ་དཔོན་གྱིས་ འབད་བ་ཅིན་ ཁོང་གིས་བཟོ་མིའི་ དར་ཚིལ་གྱི་སྤུས་ཚད་ ལེགས་ཤོམ་ཡོད་རུང་ ད་ལྟོ་ མི་ཚུ་ལུ་ དར་ཁྱབ་སྦོམ་འགྱོ་མ་ཚུགསཔ་ལས་ ལག་ལེན་འཐབ་མི་ ཉུང་སུ་ཅིག་ལས་མིན་འདུག་ཟེར་ཨིན་པས།
ཚོང་ལས་ཁང་ནང་ ཟས་བཅུད་ལྡན་པའི་ གའུ་དཱ་དར་ཚིལ་ དངུལ་ཀྲམ་འབུམ་༧ དེ་ཅིག་གི་རྩིས་ཡོད་རུང་ ཁོང་གི་ཚོང་འབྲེལ་དེ་ ད་ལྟོ་ ལྟ་བཤལ་པའི་བཟའ་ཁང་དང་ ཐིམ་ཕུག་ སྣ་ཚོགས་ཚོང་ཁང་ དག་པ་ཅིག་མ་གཏོགས་ མེད་ཟེར་ཨིན་པས།
ཚོང་ལས་ཁང་དེ་ འགོ་བཙུགས་པའི་སྐབས་ལུ་ སྤུས་ཚད་ཅན་གྱི་ ཨོམ་ཐོབ་མ་ཚུགས་མི་ལུ་བརྟེན་ དལ་ཚིལ་གྱི་ སྤུས་ཚད་དེ་ བརྒྱ་ཆ་༩༥ དེ་ཅིག་ ཡོད་རུང་ ད་རེས་ནངས་པར་ སྤུས་ཚད་ཅན་གྱི་ཨོམ་ཡོད་མི་གིས་ བརྒྱ་ཆ་ལས་བརྒྱ་སྦེ་ ཐོན་སྐྱེད་འབད་ཚུགས་པས་ཟེར་ཨིན་པས།
ཚོང་ལས་ཁང་ནང་ བདུན་ཕྲག་རེ་ནང་ དར་ཚིལ་ཊཱོན་རེ་ བཟོ་ཚུགས་རུང་ ཚོང་འབྲེལ་གྱི་ ས་ཁོངས་སྦོམ་མེདཔ་ལས་ ཚད་ལྡན་ཅིག་སྦེ་ བཟོ་དོ་ཟེར་ཨིན་པས།
ཨྱོན་དོན་གྲུབ་ཀྱིས་ འབད་བ་ཅིན་ ཁོང་གིས་བཟོ་མི་དར་ཚིལ་དེ་ ཟས་བཅུད་ཚངམ་སྦེ་ བླུགས་ཡོད་རུང་ ཚོང་མགྲོན་པ་ལེ་ཤ་མེདཔ་ལས་ ད་ལས་ཕར་ ཁོང་གི་ཚོང་འབྲེལ་དེ་ རྒྱ་གར་རྒྱབ་ཁབ་ནང་ བཅོང་ནི་ཨིན་མི་གིས་ ཚོང་འབྲེལ་ལེགས་ཤོམ་ འགྱོ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

རྣམ་རྒྱལ་དབང་མོ་དང་ ཡོན་ཏན་ཚེ་གྲུབ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *