བཀྲིས་སྒང་སྨན་ཁང་ནང་ ཌོག་ཊར་ལངམ་མེདཔ།

༉ འདས་པའི་ལོ་དག་པ་ཅིག་ལས་ བཀྲིས་སྒང་སྨན་ཁང་ནང་ སྨན་བཅོས་འབད་བར་འོང་མི་ ནདཔ་གི་གྱངས་ཁ་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།
ད་རེས་ནངས་པར་ སྨན་ཁང་དེ་ནང་ ཉིན་བསྟར་བཞིན་དུ་ ནདཔ་༡༠༠ ལྷགཔ་རེ་ འོང་དོ་ཡོདཔ་ཨིན་པས།
འདས་པའི་ཟླཝ་ཚུན་ཚོད་ ཉལ་ཁྲི་༤༠ འབད་མི་ རྫོང་ཁག་སྨན་ཁང་ལུ་ སྤྱིར་བཏང་སྨན་བཅོས་འགོ་དཔོན་༤ ཡོད་རུང་ སྤྱི་ཟླ་༦ པའི་ཟླ་ཕྱེད་ལས་ ཁོང་སྨན་བཅོས་འགོ་དཔོན་༣ སློབ་སྦྱོང་འབད་བར་ སོང་ཡོདཔ་ཨིན་པས།
སྨན་ཁང་ནང་འོང་མི་ ནདཔ་ལ་ལོ་ཅིག་གིས་ སླབ་མིའི་ནང་ ཌོག་ཊར་ལངམ་སྦེ་ མེད་ནི་དེ་གིས་ ནདཔ་ཚུ་སྒོ་ཁར་ གྱལ་རིངམོ་སྦེ་བསྣར་ཏེ་ སྒུག་སྡོད་དགོ་པས་ཟེར་ཨིན་པས།
ནདཔ་དབང་ཕྱུག་གིས་འབད་བ་ཅིན་ ཌོག་ཊར་ཕུད་རྡོག་གཅིག་གིས་ ཉིནམ་ཅིག་ནང་ ནདཔ་ག་ར་བལྟ་དགོཔ་ད་ འུ་སྡུག་དོ་ཡོདཔ་ འོང་ནི་ཨིནམ་ལས་ དེ་གིས་ སྨན་བཅོས་ཀྱི་ ཞབས་ཏོག་སྤུས་ཚད་དང་ལྡནམ་སྦེ་ བྱིན་ནི་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།
སྐྱེས་ལོ་༥༨ ལང་མི་ནདཔ་དེ་ ཁོ་གི་གཟུགས་ཁམས་འཕྲོད་བསྟེན་ བསྐྱར་ཞིབ་འབད་བར་ མོང་སྒར་དགྲ་མེད་རྩེ་ལས་ འོང་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མོང་སྒར་ལུ་ གཙོ་བསྟེན་སྨན་ཁང་ཡོད་རུང་ དགྲ་མེད་རྩེའི་ མི་སེར་ཚུ་གི་དོན་ལུ་ མོང་སྒར་ལུ་ འགྱོ་ནི་བ་ བཀྲིས་སྒང་འོངམ་ད་ ལམ་ཐག་ཐུང་པའི་ཁར་ སྟབས་ཡང་བདེ་བས་ཟེར་ཨིན་པས།
བཀྲིས་སྒང་སྨན་ཁང་ནང་ རྫོང་ཁག་དེ་གི་ ནདཔ་ཚུ་གིས་མ་དོ་བར་ བཀྲིས་གཡང་རྩེ་དང་ མོང་སྒར་ པདྨ་དགའ་ཚལ་རྫོང་ཁག་ཚུ་ལས་ཡང་ འོང་དོ་ཡོདཔ་ཨིན་པས།
བཀྲིས་གཡང་རྩེ་སྟོང་ཞང་ལས་ ནདཔ་གཞན་ཅིག་གིས་ སླབ་མིའི་ནང་ རེ་ཚེ་སྐབས་ ཌོག་ཊར་ཚུ་གིས་ ག་ཅི་ནཝ་ཨིན་ན་ ལེགས་ཤོམ་སྦེ་ བརྟག་དཔྱད་མ་འབད་བར་ སྨན་གྱི་བཀོད་འཛིན་བྱིན་དོ་ཡོདཔ་མ་ཚད་ འཕྲལ་འཕྲལ་ འཚབ་འཚབ་རིལ་རི་སྦེ་ བརྟག་དཔྱད་འབད་དོ་བཟུམ་མཐོངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ནདཔ་ཚུ་ སྨན་ཁང་ནང་ ལོག་འོང་ནི་དེ་ ཟད་འགྲོ་ལྕི་དྲགསཔ་ལས་ ཌོག་ཊར་ཚུ་གིས་ དུས་ཚོད་མངམ་ལེན་ཏེ་ ཞིབ་དཔྱད་མཐིལ་ཕྱིན་འབད་བྱིན་པ་ཅིན་ མི་སེར་ཚུ་གིས་ ཡིད་ཆེས་ངལ་རངས་སྦོམ་བསྐྱེད་ནི་མས་ཟེར་ཨིན་པས།
དེ་འབདཝ་ད་ སྨན་ཁང་གི་ ཌོག་ཊར་ཚུ་གིས་ སླབ་མིའི་ནང་ སྨན་བཅོས་འབད་བར་ ནདཔ་མང་ཧད་རྫོགསཔ་ཅིག་ འོངམ་ཨིན་རུང་ ནདཔ་ག་ར་ བརྟག་དཔྱད་འབད་ནི་ལུ་ སྟབས་མ་བདེཝ་མེད་ཟེར་ཨིན་པས།
དེ་འབདཝ་ད་ ཞབས་ཏོག་གི་ སྤུས་ཚད་ལུ་ ཐོ་ཕོགཔ་མས་ཟེར་ ཌོག་ཊར་ཅིག་གིས་ བཤདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ དཀའ་ངལ་སེལ་ཐབས་ལུ་ གནས་སྐབས་ཅིག་གི་ ཐབས་ལམ་ཚུ་ བཏོན་ཡོད་མི་དེ་ཡང་ ད་རིས་ཀྱི་ཟླཝ་ནང་ལས་ སྨན་ཁང་གི་ བདག་སྐྱོང་གིས་ བཀང་ལུང་གཞི་རྟེན་སྨན་ཁང་ལས་ ཌོག་ཊར་ཅིག་ འབོ་ཡོདཔ་ལས་ ད་ལྟོ་ བཀྲིས་སྒང་སྨན་ཁང་ནང་ སྤྱིར་བཏང་སྨན་བཅོས་འགོ་དཔོན་༢ དང་ མོ་ནད་མཁས་མཆོག་ཅིག་ཡོདཔ་ཨིན་པས།
ད་རུང་ དགོས་མཁོ་བྱུངམ་ད་ ཉེ་འདབས་ཀྱི་ གཞི་རྟེན་སྨན་ཁང་ བར་མཚམས་དང་ རང་འབྱུང་ཚུ་ལས་ ཌོག་ཊར་ཚུ་ འབོ་ནི་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བདག་སྐྱོང་གི་ ཁ་ཐུག་ལས་ གསོ་བ་ལྷན་ཁག་ལུ་ སློབ་སྦྱོང་འབད་བར་སོང་མི་ ཌོག་ཊར་༣ གྱི་ཚབ་ གཏང་དགོ་པའི་ ཞུ་བ་འབད་དེ་ཡོད་ཟེར་ཨིན་པས།
ལྷན་ཁག་ལས་ ཟླཝ་མཇུག་ཁམས་ཚུ་ ཚབ་མ་གཏང་ཚུགས་ནི་བཟུམ་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *