པར་ཆས་སི་སི་ཊི་བི་ གཞི་བཙུགས་འབད་མི་ མཐོང་སྣང་།

བཀྲིས་སྒང་ལུ་ སྡོད་ཁྱིམ་ནང་ ཏི་རུ་ཨརཝ་རྐུ་མི་ འཚོལ་བའི་བསྒང་ཡོདཔ།

༉ ཟླཝ་འདི་གི་སྔ་ཆ་ལུ་ བཀྲིས་སྒང་ཁྲོམ་ཁར་ ཨར་རྐུན་ནང་འབྲེལ་གཏོགས་ཡོད་མིའི་ དོགས་པ་ཅན་དེ་ ད་ལྟོ་ འཚོལ་བའི་བསྒང་ར་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༡ ལུ་ བཀྲིས་སྒང་ཁྲོམ་འོག་མའི་ནང་ རང་ལུགས་ཀྱི་ཁྱིམ་ཐོག་༢ འབད་མིའི་ནང་སྡོད་མི་ བཟའ་ཚང་ཅིག་གི་ ཁྱིམ་ནང་ལས་ དངུལ་ཀྲམ་སྟོང་ཕྲག་༧༥,༠༠༠ ཨརཝ་རྐུ་ཡོདཔ་ད་ བྱ་ངན་དེ་ ཕྱི་རུའི་ཆུ་ཚོད་༧ དང་ ཕྱེད་དང་དགུ་གི་བར་ན་ བྱུང་ཡོདཔ་ཨིན་པས།
བྱ་ངན་འབད་མི་ དོགས་ཅན་དེ་ པར་ཆས་སི་སི་ཊི་བི་ནང་ མཐོང་ཞིནམ་ལས་ བྱ་ངན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་རུང་ པར་ཆས་དང་ ཁྱིམ་གྱི་བར་ན་ ཐག་རིང་ནི་དེ་གིས་ དོགས་པ་ཅན་གྱི་གདོང་ ལེགས་ཤོམ་སྦེ་ ངོས་འཛིན་འབད་མ་ཚུགསཔ་ཨིན་པས།
ཉམས་རྒུད་བྱུང་མི་ ཀརྨ་གིས་ འབད་བ་ཅིན་ པར་ཆས་ནང་ དོགས་པ་ཅན་གྱི་ གདོང་ལེགས་ཤོམ་སྦེ་ མ་མཐོང་རུང་ ཨརཝ་བརྐུ་མི་དེ་ ཁྲོམ་ཁར་སྡོད་མི་ཅིག་ར་ཨིན་པའི་ དོགས་པ་ཆགས་ཡོདཔ་ཨིན་པས།
བྱ་ངན་བྱུང་བའི་ཉིན་མར་ དོགས་པ་ཅན་དེ་དང་ ཁོ་གི་ཆ་རོགས་གཅིག་ ང་ཉལ་སའི་ ཉལ་ཁང་གི་ སྒོ་ཅུང་ སྦོ་ལོགས་ཁ་ལས་ཕར་ འཁྱམས་སྡོད་ས་མཐོང་ཡི་ཟེར་ཨིནམ་ད་ དེ་ཡང་ ང་ཏི་རུ་གྱངས་ཁ་རྐྱབ་སྡོད་པའི་སྐབས་ མི་ཅིག་ ངེ་གི་རྒྱབ་ཁ་ལས་ བལྟ་དོ་བཟུམ་མའི་ཚོར་སྣང་བྱུང་སྟེ་ ང་གིས་ རྒྱབ་སྒྱིར་བལྟཝ་ད་ ཁོང་༢ མཐོང་ཅི་ཟེར་ སྐྱེས་ལོ་༥༦ ལང་མི་ ཀརྨ་གིས་སླབ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མིའི་འཁྲིལཝ་ད་ ཁྲིམས་སྲུང་འགག་སྡེ་གིས་ དོགས་ཅན་དེ་ལུ་ དྲི་དཔྱད་འབད་ཡོད་རུང་ དོགས་པ་ཅན་དེ་གིས་ བྱ་ངན་བྱུང་པའི་སྐབས་ ཁོ་ མི་གཞན་དང་གཅིག་ཁར་ སྡོད་ཡོདཔ་སྦེ་ བདེན་གཏམ་བཤད་ཡོདཔ་ལས་ གནད་དོན་དེ་གི་སྐོར་ལས་ ད་ལྟོ་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ར་ཡོདཔ་ཨིན་པས།
ཉམས་རྒུད་བྱུང་མི་ དབང་ཕྱུག་གིས་ འབད་བ་ཅིན་ པར་ཆས་ནང་འཛིན་བཟུང་འབད་མི་དེ་ བདེན་ཁུངས་ཡོད་དགོ་མི་དེ་ཡང་ གཟུགས་ཀྱི་ཆ་ཤས་ཚུ་ལུ་བལྟཝ་ད་ ཨརཝ་བརྐུ་མི་དེ་ དོགས་ཅན་དེ་ར་ཨིན་ཟེར་བའི་ བདེན་ཁུངས་བཟང་ཡོདཔ་ཨིན་པས།
ཁོ་གིས་འབད་བཅིན་ དཔྱད་རིག་རྣམ་རྟོག་མེད་པར་ མི་ག་ཐོབ་ཀྱིས་ ཁྱིམ་ནང་འཛུལ་ཞིནམ་ལས་ ཏི་རུ་ཨརཝ་རྐུ་མི་འབག་ཟེར་ཨིནམ་ད་ ཧེ་མ་ ཁོང་ར་ཁྱིམ་ནང་མ་སྡོད་པར་ ཟླཝ་ལང་རུང་ དེ་བཟུམ་མའི་ བྱ་ངན་འབད་མི་མ་ཐོན་ཟེར་ཨིན་པས།
དབང་ཕྱུག་གིས་ འབད་བ་ཅིན་ དོགས་ཅན་དེ་གིས་ ཁོང་གི་བཙན་སྒམ་ནང་ ཏི་རུ་ཡོདཔ་ཤེས་ཞིནམ་ལས་ ཨརཝ་བརྐུ་བར་འོང་བའི་དོགས་པ་ཡོད་པའི་ཁར་ དེ་ཡང་ ཁོ་གི་གནས་ཚང་ ཏི་རུ་གྱངས་ཁ་རྐྱབ་པའི་སྐབས་ ཁོང་གིས་ མཐོང་མི་ལུ་བརྟེན་ ཁོང་ལུ་ར་ དོགས་པ་ཡོད་ཟེར་ཨིན་པས།
དོགས་ཅན་དེ་གིས་ ཁོང་བཟའ་གྲོགས་གཉིས་ཀྱི་ ཁྱིམ་གྱི་སྒོ་ཅུང་གི་ ལྕགས་ཀྱི་དྲྭ་མིག་བཏོག་ཞིནམ་ལས་ འཛུལ་ནུག་ཟེར་ཨིན་པས།
ཁྲོམ་གྱི་འཐུས་མི་ འཕྲིན་ལས་ཀྱིས་ འབད་བ་ཅིན་ ད་ལྟོ་ཡོད་པའི་ པར་ཆས་སི་སི་ཊི་བི་དེ་ སྣུམ་འཁོར་བཞག་སའི་ ས་ཁོངས་གསརཔ་ནང་ ཉེན་སྲུང་ཅན་སྦེ་ བཞག་ནིའི་དོན་ལུ་ བཙུགས་ཅི་ཟེར་ཨིནམ་ད་ ཧེ་མ་ པར་ཆས་དེ་ སྣུམ་འཁོར་བཞག་སའི་ཐོག་ཁར་ བཙུགས་ནིའི་འཆར་གཞི་བརྩམས་རུང་ སྤྱི་ཟླ་༦ པའི་ཚེས་༢༢ ལུ་ ཆུ་རུད་ཐོན་མི་གིས་ མཐུད་སྦྲེལ་ག་ར་ འཕྱགས་བདའ་ཡོདཔ་ལས་ སོར་ཏེ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཕྱི་རུ་ རང་སོའི་ཁྱིམ་སྐོར་ར་རྐྱབ་སྟེ་ མེ་བཏེག་བཞག་ཟེར་ ག་དེམ་ཅིག་ དྲན་གསལ་འབད་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིནམ་ད་ ཁྱིམ་གི་གདོང་ཕྱོགས་ལུ་ ཁྲོམ་ལམ་གྱི་ མེ་ཡོད་རུང་ ཁྱིམ་གྱི་རྒྱབ་ཕྱོགས་ལུ་ མེ་མེད་པར་ གནག་དུང་དུ་འབད་ནི་དེ་གིས་ བྱ་ངན་འབད་ནིའི་གོ་སྐབས་ ལེནམ་མས་ཟེར་ཨིན་པས།
འཕྲིན་ལས་རྣམ་རྒྱལ་གྱིས་ འབད་བ་ཅིན་ ཁྲོམ་ཉེན་སྲུང་དང་ ལྡནམ་སྦེ་བཞག་ཐབས་ལུ་དང་ མི་ཐིམ་གྲང་རོང་ཆུའི་ནང་ ཕྱགས་སྙིགས་བཀོག་མི་ཚུ་ བཀག་ཐབས་ཀྱི་དོན་ལུ་ པར་ཆས་སི་སི་ཊི་བི་ ཧེང་སྐལ་བཙུགས་ནིའི་ གྲོས་འཆར་བཀོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *