བཀྲིས་སྒང་ལུ་ བྱུང་རྐྱེན་ཁག་སོ་སོའི་ནང་ མི་༣ ལུ་ མདའ་ཕོག་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༣ ལུ་ དཔྱལཝ་གུ་མདའ་ཕོག་མི་ མེ་རག་ལས་ ཀུན་བཟང་རྡོ་རྗེ་དེ་ ད་ལྟོ་ རྒྱ་གར་ཨ་སམ་གྱི་ཁྲོམ་སྡེ་ གུ་ཧ་ཊི་ལུ་ སྨན་ཁང་ཅིག་ནང་ གནས་སྟངས་ལྟ་རྟོག་ཐོག་ལུ་ཡོདཔ་ཨིན་པས།
ཀུན་བཟང་རྡོ་རྗེ་དེ་ སྨན་ཁང་དེ་ནང་བསྐྱལ་ཏེ་ སྤྱི་ཟླ་༩ པའི་ཚེས་༢༥ ལུ་ གཤག་བཅོས་འབད་ཞིནམ་ལས་ཚུར་ ད་ལྟོ་ དྲནམ་མ་ལྷོད་པར་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ ཁྲུས་བབས་ཀྱི་ཉིནམ་ བརྩི་སྲུང་གི་དོན་ལུ་ མེ་རག་དང་ ལྟོགས་ཤིང་མང་གི་ སྡེ་ཚན་༢ ཀྱི་བར་ན་ མདའ་རྩེད་འགྲན་འབད་བའི་སྐབས་ བྱུང་ཡོདཔ་ད་ སྐྱེས་ལོ་༢༣ ལང་མི་ ཉམས་རྒུདཔ་དེ་ལུ་ མདའ་ཕོགཔ་ཅིག་ དེ་འཕྲོ་ལས་ རང་འབྱུང་གཞི་རྟེན་སྨན་ཁང་ནང་བསྐྱལ་ནུག།
ནདཔ་གི་སྐུདཔོ་ རིན་ཆེན་བཀྲིས་ཀྱིས་ སླབ་མིའི་ནང་ བྱུང་རྐྱེན་གྱི་སྐབས་ ཀུན་བཟང་རྡོ་རྗེ་དེ་ འབའ་གི་སྦོ་ལོགས་ཁར་ར་མེད་ཟེར་ཨིནམ་ད་ ཉམས་རྒུདཔ་དེ་ ཁོ་རའི་ཆ་རོགས་གཞན་༢ དང་གཅིག་ཁར་ ཐག་རིང་ས་ལས་ མདའ་རྩེད་ཀྱི་ ལྟདམོ་བལྟ་སྡོད་ནུག་ཟེར་ཨིན་པས།
མི་ཚུ་གིས་ མདའ་ཤོར་སོ་ཡི་ཟེར་ སྐད་རྐྱབ་ད་ ཆ་རོགས་གཞན་༢ བྲོས་ཟུར་འབད་ཚུགས་ཡོད་རུང་ ཀུན་བཟང་རྡོ་རྗེ་དེ་ བྲོས་ཟུར་འབད་མ་ཚུགས་པར་ མདའ་གིས་ ཁོ་གི་དཔྱལཝ་གུ་ ཕོག་ཅི་ཟེར་ རིན་ཆེན་བཀྲིས་ཀྱིས་ བཤདཔ་ཨིན་པས།
བཀྲིས་སྒང་སྨན་ཁང་གི་ ཌོག་ཊར་ཅིག་གིས་ སླབ་མིའི་ནང་ ནདཔ་དེ་ སྨན་ཁང་ནང་ འབག་འོངམ་ད་ དྲན་མེད་སྦེ་འདུག་ཟེར་ཨིནམ་ད་ དེ་བསྒང་ གནམ་གཤིས་གནས་སྟངས་ལེགས་ཤོམ་མེདཔ་ལས་ ནདཔ་དེ་ གནམ་གྲུའི་ཐོག་ལུ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་མ་ཚུགས་ཟེར་ ཌོག་ཊར་གྱིས་ བཤདཔ་ཨིན་པས།
ནདཔ་དེ་གི་ གནས་སྟངས་ལུ་བལྟ་སྟེ་ དེ་འཕྲོ་ལས་ གུ་ཧ་ཊི་སྨན་ཁང་ནང་ བཏང་ཡོདཔ་ཨིན་པས།
ད་རུང་ ཉིནམ་དེ་ནང་ར་ ཕྱོགས་མདའ་རྐྱབ་པའི་སྐབས་ ཡང་གཉེར་རྒེད་འོག་ གོང་ཐུང་ལས་ སྐྱེས་ལོ་༤༥ ལང་མི་ སོ་ནམ་པ་ བསྟན་པ་རྒྱལ་མཚན་གྱི་དཔྱལཝ་གུ་ མདའ་ཕོག་ཡོད་རུང་ ཁོ་གིས་ དེ་འཕྲོ་ལས་ མདའ་འབལ་བཀོ་བཏངམ་ཅིག་ མདའ་ཕོག་སའི་ རྨ་ཁ་དང་ ལྷ་པ་ ཁ་ནང་ལས་ ཁྲག་ལེ་ཤ་འཛགས་ཡར་སོཔ་ཨིན་པས།
བསྟན་པ་རྒྱལ་མཚན་གྱིས་ སླབ་མིའི་ནང་ རླུང་མ་གིས་ མདའ་འཕྱགས་བདའ་འོངམ་ཅིག་ ཁོ་གི་དཔྱལཝ་གུ་ ཕོག་ཅི་ཟེར་ཨིནམ་ད་ དེ་བསྒང་ ཁོ་ར་ ཆ་རོགས་ལུ་ འགྲུལ་འཕྲིན་གཏང་ནི་སྦེ་ མགུ་ཏོ་མར་གུགཔ་ད་ རྐྱེན་ངན་བྱུང་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཉམས་རྒུདཔ་དེ་ ཡང་གཉེར་གཞི་རྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་ཤུལ་ལས་ སྤྱི་ཟླ་༩ པའི་ཚེས་༢༤ ལུ་ བཀྲིས་སྒང་སྨན་ཁང་ནང་ བཏང་ཡོདཔ་ད་ ཌོག་ཊར་གྱིས་ སླབ་མིའི་ནང་ ད་ལྟོ་ ཁོ་གི་ གནས་སྟངས་དེ་ ལེགས་ཤོམ་སྦེ་ཡོད་ཟེར་ཨིན་པས།
མདའ་དེ་ ཁོ་རའི་བུམོ་གི་ རྨགཔ་གིས་ རྐྱབ་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ཟླ་༩ པའི་ཚེས་༢༤ ལུ་ མཁའ་གླིང་ལས་ སྐྱེས་ལོ་༥༠ ང་གྲངས་ནང་འབད་མི་ ཕོ་སྐྱེས་ཅིག་ལུ་ཡང་ མདའ་ཕོག་མི་ལུ་བརྟེན་ སྨན་ཁང་དེ་ནང་ བསྐྱལ་ཡོདཔ་ད་ ཌོག་ཊར་གྱིས་འབད་བ་ཅིན་ ནདཔ་དེ་གིས་ཡང་ ཁོ་ར་གིས་སྦེ་ མདའ་འབལ་བཀོ་ཐོག་ལས་ སྨན་ཁང་ནང་ འོང་ནུག་ཟེར་ཨིན་པས།
ཉམས་རྒུདཔ་དེ་ལུ་ རྨ་སྐྱོན་དང་འབྲེལ་བའི་ དཀའ་ངལ་ཚབས་ཆེན་མ་བྱུངམ་ལས་ དེ་གི་ནངས་པར་ སྨན་ཁང་ནང་ལས་ བཏང་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *