བཀྲིས་སྒང་ཁྲོམ།

བཀྲིས་སྒང་ལུ་ བཟོ་སྐྲུན་བཀག་ཆ་ ཆ་མེད་བཏང་ཡོདཔ་ལས་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་ སེལ་ཚུགས་པའི་རེ་བ།

༉ བཀྲིས་སྒང་ཁྲོམ་ཁར་ གནས་སྐབས་ཅིག་གི་རིང་ བཟོ་སྐྲུན་བཀག་ཆ་འབད་ཡོད་མི་དེ་ ཆ་མེད་བཏང་ཡོདཔ་ལས་ ས་གནས་ནང་སྡོད་མི་ཚུ་གིས་ ཁྲོམ་ནང་སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་ཡོད་མི་དེ་ སེལ་ཐབས་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ཨིན་རུང་ ཁྲོམ་སྡེའི་ཡིག་ཚང་ལུ་ ཞབས་ཏོག་ལྷན་ཁག་ལས་ བཀག་ཆ་ཆ་མེད་བཏང་ཡོད་པའི་སྐོར་ལས་ ཡི་གུ་མ་འཐོབ་པར་ཡོདཔ་ད་ ལོ་༡ གི་རིང་ བཀག་ཆ་འབད་མི་དེ་ཡང་ ཁྲོམ་བཟོ་སྐྲུན་འཆར་གཞིའི་ས་ཁྲ་ ཆ་འཇོག་འབད་བའི་ཤུལ་ལས་ འདས་པའི་ཟླཝ་ནང་ ཆ་མེད་བཏང་ཡོདཔ་ཨིན་པས།
ཁྲོམ་སྡེའི་ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ ལྷན་ཁག་ལས་ ཡི་གུ་དེ་ ཟླཝ་འདི་ནང་ལྷོད་ཚུགས་པའི་ རེ་བ་ཡོད་རུང་ ཁྲོམ་སྡེ་ཡིག་ཚང་གིས་ རྒྱ་སྐྱེད་ཁྲོམ་ནང་ཚུད་མི་ པཱམ་གྱི་ས་ཁོངས་ཚུ་ནང་ཡང་ བཟོ་སྐྲུན་གྱི་གནང་བ་ཚུ་ སྤྲོད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བཟོ་སྐྲུན་གྱི་གནང་བ་བྱིན་མི་དེ་ཡང་ བཟོ་སྐྲུན་འབད་དགོཔ་ གལ་ཆེ་བའི་གནད་དོན་ཚུ་ལུ་ལྟ་སྟེ་ བྱིན་ཡི་ཟེར་ཨིནམ་ད་ ས་ཁོངས་ནང་ཚུད་མི་ལ་ལོ་ཅིག་ སྡོད་ཁྱིམ་ཡང་ ལེགས་ཤོམ་མེད་པའི་ གནས་སྟངས་ནང་ཡོདཔ་ལས་ གནས་སྟངས་ཚུ་ ལྟ་ཞིབ་འབད་བའི་ཤུལ་ལས་ ཆ་འཇོག་འབད་ཡི་ཟེར་ ཨིན་པས།

སྒྲིང་ཁྱིམ་བཟོ་སྐྲུན་འབད་བའི་བསྒང་།

བཀག་ཆ་ཆ་མེད་བཏང་བའི་ཤུལ་ལས་ བཀྲིས་སྒང་ཁྲོམ་དང་ བཀང་ལུང་ དེ་ལས་ མཁའ་གླིང་གི་ས་ཁོངས་ཚུ་ནང་ སྡོད་མི་ཚུ་གིས་ཡང་ བཟོ་སྐྲུན་ཚུ་ འབད་ཆོག་ཟེར་ཨིནམ་ད་ ཁྲོམ་སྡེ་ཡིག་ཚང་ལུ་ ཁྲོམ་ངོ་མའི་ནང་ཚུད་མི་ཚུ་གི་དོན་ལུ་ བཟོ་སྐྲུན་འབད་ནིའི་ གྲོས་འདེབས་མ་ལྷོད་དེ་འབད་རུང་ མཱེལ་ཕེལ་གྱི་ས་ཁོངས་ནང་ ཡི་གུ་ལྷོད་པའི་ཤུལ་ལས་ བཟོ་སྐྲུན་ཁག་༣ འབད་ནི་ འགོ་བཙུགས་འོང་ཟེར་ཨིན་པས།
ཁག་འབགཔ་ཅིག་ཨིན་མི་ ཨོ་རྒྱན་དབང་ཕྱུག་གིས་ བཤད་མིའི་ནང་ བཀག་ཆ་ཆ་མེད་བཏང་མི་དེ་གིས་ ས་གནས་དེ་ཚུའི་ནང་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ བསལ་ཚུགས་ཟེར་ཨིནམ་ད་ བཀྲིས་སྒང་ཁྲོམ་ཁར་ ལོ་བསྟར་བཞིན་དུ་ མི་མང་སུ་ལྷོད་ནི་དེ་གིས་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ ཐོན་ཏེ་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ ཁྱིམ་བཟོ་སྐྲུན་འབད་ནིའི་ གནང་བ་འཐོབ་པའི་ཤུལ་ལས་ དཀའ་ངལ་དེ་ བསལ་ཚུགསཔ་འབད་དགོ་ཟེར་ ཁོ་གིས་བཤད་པའི་ཁར་ སྒེར་སྡེ་ཅིག་ནང་ལཱ་འབད་མི་ ཚེ་རིང་བཟང་མོ་གིས་ སླབ་མིའི་ནང་ མོ་གིས་ ཁྲོམ་ཁར་སྡོད་ཁྱིམ་ཐོབ་མ་ཚུགས་པའི་ཤུལ་ལས་ པཱམ་གཡུས་ཚན་ནང་ ཁང་གླར་སྡོད་དེ་ཡོད་ཟེར་ཨིན་པས།
ང་ལུ་ སྣུམ་འཁོར་མེདཔ་ལས་ པཱམ་ལས་ཁྲོམ་ཚུན་ ཉིན་བསྟར་བཞིན་དུ་ ཀི་ལོ་མི་ཊར་༥ དེ་ཅིག་ ལམ་འགྱོ་དགོཔ་ད་ དཀའ་ངལ་འདུག་ཟེར་ མོ་གིས་བཤད་ཅི།
ལས་འཛིན་ཅིག་ནང་ལཱ་འབད་མི་ཅིག་གིས་ སླབ་མིའི་ནང་ ས་སྣུམ་གྱི་གོང་ཚད་ ཡར་སེང་འགྱོཝ་ད་ ཉིན་བསྟར་བཞིན་དུ་ ཁྲོམ་ལས་ རོང་ཐུང་ཚུན་ ཀི་ལོ་མི་ཊར་༡༥ རེ་ འགྲོ་འགྲུལ་འབད་དགོཔ་ད་ ལཱ་ཁག་ཡོདཔ་ལས་ པཱམ་གཡུས་ཚན་ནང་ སྤོ་ནིའི་འཆར་གཞི་ཡོདཔ་ལས་ ཁྱིམ་གྱི་ཇོ་བདག་ཅིག་ལུ་ སླབ་བཞག་སྟེ་ཡོད་ཟེར་ཨིན་པས།
ཁྲོམ་སྡེ་ནང་ བཟོ་སྐྲུན་བཀག་ཆ་དེ་ཡང་ ཁྲོམ་གྱི་ས་ཁྲ་གསརཔ་བཟོ་ནིའི་དོན་ལུ་ ཧེ་མའི་ས་ཁྲ་ཚུ་ བལྟ་ནིའི་དོན་ལས་ བཀག་ཆ་འབད་ཡོདཔ་ད་ ཁྲོམ་གྱི་བཟོ་སྐྲུན་གྱི་ས་ཁྲ་དེ་ཡང་ ལོ་ངོ་༡༠ གྱི་ཤུལ་ལས་ བསྐྱར་ཞིབ་འབདཝ་ཨིན་པས།
ས་ཁྲ་གསརཔ་དེ་ནང་ མཱེལ་ཕེལ་དང་ སྨན་ཁང་གི་ལྟག་ལུ་སྡོད་མི་ཚུ་ཡང་ ཁྲོམ་གྱི་འོག་ལུ་ མདའ་རྩེད་ཐང་གི་ ཉེ་འདབས་ལུ་ཡོད་མི་ བཙོག་ཆུའི་མཛོད་དང་གཅིག་ཁར་ མཐུད་སྦྲེལ་འབད་ནི་ཨིནམ་ད་ ད་ལྟོ་ཡོད་མི་ བཙོག་ཆུ་མཛོད་དེ་ ལོ་ངོ་༡༦ དེ་ཅིག་གི་ཧེ་མར་ ཁྱིམ་གུང་པ་༧༠༠ གིས་ སྤྱོད་ནིའི་དོན་ལུ་ རྐྱབ་ཡོད་རུང་ ད་རེས་འབདཝ་ད་ ཁྲོམ་སྡེའི་ས་ཁོངས་ནང་ མི་རློབས་༢༥༠༠ དེ་ཅིག་ལུ་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།
ཁྲོམ་སྡེའི་ལས་བྱེདཔ་ཚུ་གིས་ བཤད་མིའི་ནང་ འཆར་གཞི་དེ་ཡང་ ད་ལྟོ་ཡོད་མི་ བཙོག་མཛོད་དེ་ ཡར་དྲག་གཏང་ནིའི་དོན་ལུ་ཨིན་པའི་ཁར་ འཆར་གཞི་གསརཔ་དེ་ནང་ ཁྲོམ་ངོ་མ་དང་ རྒྱ་སྐྱེད་ཁྲོམ་གཉིས་ཀྱི་བར་ན་ ལམ་རྒྱ་སྐྱེད་དང་ མི་ལམ་ཚུ་ཡང་ མཐུད་སྦྲེལ་འབད་ནི་ཟེར་ཨིན་པས།
དེ་མ་ཚད་ མི་ལམ་བདའ་སྟེ་ གློག་མེ་བཙུགས་ནི་ཨིནམ་ད་ ཁྲོམ་སྡེ་ཡིག་ཚང་གིས་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ རྒྱབ་སྐྱོར་ཐོག་ལས་ འཐུང་ཆུ་རྙིངམ་དེ་ཡང་ ཚབ་བཙུགས་ནིའི་དོན་ལུ་ ལཱ་ཚུ་འབད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *