༉ བཀྲིས་སྒང་ལུ་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ ཆུ་རུད་ཐོན་པའི་ཤུལ་ལས་ ཆུ་རུད་ཉམས་གསོའི་ ལཱ་མ་འབད་བར་ལུས་ཡོདཔ་ལས་ ད་ལྟོའི་བར་ནང་ཡང་ ལྕགས་གདང་གི་རཝ་དང་ ལྕགས་དུམ་ཚུ་ ཕྱོགས་༢ ཆ་ར་ལས་ ག་ལྷོད་དཔྱངས་ཡོདཔ་སྦེ་ མཐོང་དོ་ཡོདཔ་ཨིན་པས།
ཆུ་རུད་ལུ་བརྟེན་ ཨ་ལོའི་གླིང་ག་ འདམ་རྫབ་ཀྱིས་སྤུབས་ཡོད་མི་དེ་ ད་ལྟོ་ཡང་ ཐལཝ་ཁོག་ཁོ་སྦེ་ར་ ལུས་ཡོདཔ་མ་ཚད་ ཡན་ལག་ཅ་ཆས་ལ་ལོ་ཅིག་ ཆུ་གཡུར་ནང་ མཐོང་དོ་ཡོདཔ་ཨིན་པས།
ཨིན་རུང་ གླིང་ག་དེ་ནང་ ཨ་ལོ་ཚུ་ ཁྱེགས་བཤུད་ཆག་ཆགཔ་དེ་གུ་ རྩེདམོ་རྩེ་བར་ ཉིན་བསྟར་བཞིན་དུ་ འོང་དོ་ཡོདཔ་མ་ཚད་ ཨ་ལོ་ཚུ་ ཉེན་སྐྱོབ་མེད་པའི་ ཆུ་རུད་ཉེན་སྲུང་གི་རྩིགཔ་གུ་ རྡོ་བཀོ་སར་ མཐོང་ཚུགསཔ་ཨིན་པས།
བཀྲིས་སྒང་གི་ ཨ་ལོའི་གླིང་ག་དེ་ ས་གནས་གཞན་དང་ཕྱདཔ་ད་ ཉེན་ཁ་ཅན་གྱི་ ས་གནས་ཅིག་ལུ་ གྱུར་ཏེ་འདུག་ཟེར་ཨིནམ་ད་ ཕམ་ཚུ་ དྲན་པ་མ་བཏོན་པ་ཅིན་ ས་གནས་དེ་ནང་ རྐྱེན་ངན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ ཀརྨ་གིས་བཤདཔ་ ཨིན་པས།
ཨ་ལོ་༢ ཀྱི་ཨའི་ ཚེ་རིང་བཟང་མོ་གིས་ སླབ་མིའི་ནང་ ས་གནས་དེ་ ཁྲོམ་དེ་ཁར་ སྤྲོ་གསེང་གི་ས་གནས་ རྐྱངམ་གཅིག་འབདཝ་ལས ཨ་ལོ་ཚུ་གིས་ དེ་ནང་འགྱོ་ནིའི་ ཨུ་ཚུགས་རྐྱབ་དོ་ཡོདཔ་ད་ དེ་ཡང་ ས་གནས་ནང་ ཁྱིམ་གྱི་དབྱིབས་བཟུམ་མའི་ ཚོས་གཞི་ཡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཚར་གཅིག་ མོ་གིས་ སྐྱེས་ལོ་༥ ལང་མི་བུ་དེ་ ཁྱིམ་ནང་ལས་ཐོན་ཏེ་ གླིང་གའི་ཉེ་འདབས་ལུ་ རྩེདམོ་རྩེ་སར་ མཐོང་ཅི་ཟེར་ཨིནམ་ད་ ཆུའི་མཐའམ་བདའ་སྟེ་ ཉེན་སྲུང་གི་ཐབས་ལམ་མེདཔ་ལས་ ནམ་ཅིག་གི་ཚེ་ ག་འབད་རུང་ ཆུ་ནང་འབུད་འོང་མནོ་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
གླིང་ག་དེ་ཡང་ ཆུ་རུད་ཉེན་སྲུང་གི་ རྩིགཔ་གི་སྦོ་ལོགས་ཁར་ཡོད་པའི་ ས་ཆ་ཌེ་སི་མཱལ་༩ ཡོད་མིའི་ནང་ལས་ ས་བརྒྱ་ཆ་༥༠ དེ་ཅིག་ ལག་ལེན་འཐབ་སྟེ་ ན་ཧིང་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
ས་གནས་ནང་ སྡོད་མི་ཅིག་གིས་ སླབ་མིའི་ནང་ ས་གནས་དེ་ ཁྲོམ་གྱི་ སྦུག་ལུ་འབདཝ་ལས་ དེ་ལུ་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ཨིནམ་ད་ ས་གནས་དེ་ནང་ ཨ་ལོ་ཚུ་ རྩེདམོ་རྩེ་དོ་ཡོདཔ་ལས་ ས་གནས་དེ་ དེ་སྦེ་ར་བཞག་པ་ཅིན་ རྐྱེན་ངན་འབྱུང་ནིའི་ ཉེན་ཁ་ཡོདཔ་ལས་ ཉེན་སྲུང་གི་ ཚ་གྱང་ཡོད་ཟེར་ཨིནམ་ད་ འབྲེལ་ཡོད་དབང་འཛིན་ཚུ་ ག་ཅི་ལུ་སྒུགཔ་ཨིན་ན་ ཧ་མ་གོ་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ ཆུ་རུད་དེ་གི་ཤུལ་ལུ་ གནོད་སྐྱོན་རྐྱབ་ཡོད་པའི་ ས་གནས་ནང་ རག་རོ་ཚུ་བསལ་ནི་དང་ ཁྲོམ་ཁར་འཐུང་ཆུ་བཀྲམ་སྤེལ་འབད་ནིའི་དོན་ལུ་ མི་དང་འཕྲུལ་ཆས་ཚུ་ བཏང་ཡོདཔ་ཨིན་པས།
འདམ་རྫབ་དང་ རག་རོ་བསལ་ནིའི་དོན་ལུ་ དུས་ཡུན་ཟླཝ་༢ འགོར་འོང་མནོ་རུང་ འདས་པའི་ཟླཝ་ནང་མཇུག་བསྡུ་ཡོདཔ་ད་ དེ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡.༣༥ གནས་ཡོདཔ་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ ལེགས་བྱས་ཀྱིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གི་ ཉམས་གསོ་གི་ལཱ་ ལྷག་ལུས་འབད་ནིའི་ འཆར་དངུལ་གྱི་དོན་ལུ་ རྩིས་ལོ་༢༠༡༨ དང་༢༠༡༩ ལོའི་ འཆར་དངུལ་ནང་ གྲོས་འཆར་བཀོད་ཡོདཔ་ཨིན་རུང་ ད་ལྟོ་ མ་འཐོབ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕྱོགས་༢ ཆ་རའི་ནང་ཡོད་པའི་ ལྕགས་གདང་གི་རཝ་དང་ རྐང་ལམ་ཚུ་མ་གཏོགས་ རིང་ཚད་མི་ཊར་༣༩༦ འབད་མི་ རྩི་ས་གིས་བཟོ་ཡོད་པའི་ གྱང་དེ་གུ་ གནོད་པ་སྦོམ་མ་རྐྱབ་པས་ཟེར་ཨིན་པས།
འཆར་དངུལ་དེ་ འཐོབ་པའི་ཤུལ་ལུ་ ཕྱོགས་༢ གང་རུང་དང་ ཟམ་གུ་སྟེགས་ཡོད་པའི་ ལྕགས་གདང་གི་ར་བ་རྐྱབ་འོང་ཟེར་ཨིན་པས།
དེ་མ་ཚད་ ཚོད་བསྲེ་ཁྲོམ་གྱི་ ས་འོག་གི་ཐོག་ཚད་དང་ ཨ་ལོའི་ གླིང་ག་ཉམས་གསོའི་ ལཱ་འབད་ནི་ཨིན་པས།
ཆུ་རུད་ཀྱིས་ མདའ་རྩེད་ཐང་གི་ ཉེ་འདབས་ལུ་ཡོད་པའི་ བ་ཟམ་དེ་ འཕྱགས་བདའ་ཡོདཔ་མ་ཚད་ ཁྲོམ་སྡེའི་ཡིག་ཚང་གི་ ཉེ་འདབས་ལུ་ཡོད་པའི་ བ་ཟམ་དེ་གུ་ གནོད་པ་དུམ་གྲ་ཅིག་ རྐྱབ་ཡོདཔ་ཨིན་རུང་ ཟམ་དེ་གུ་ལས་ འགྲོ་འགྲུལ་འབད་བཏུབ་ཟེར་ཨིནམ་ད་ ཉམས་གསོའི་ལཱ་མཇུག་བསྡུ་ཞིནམ་ལས་ བཟོ་བཀོད་ཚུ་ཡང་ བལྟ་འོང་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤད་ཡོད་པའི་གནས་ཚུལ།

ཆུ་རུད་ཐོན་པའི་ཤུལ་ལས་ ཉེན་ཁ་ཅན་གྱི་ཐོག་ལུ་ཡོད་མི་ ཨ་ལོའི་གླིང་ག།