༉ བཀྲིས་སྒང་ཨུ་མཛོ་རོང་གི་ས་གནས་ ལམ་བཟང་ལུ་ ཆུ་ཞིང་ནང་ བདུན་ཕྲག་འདི་གི་ རེས་གཟའ་ཕུར་བུ་ལུ་ ཁྲུང་ཁྲུང་སྐེ་ནག་སྦོམ་༢ དང་ བྱི་ཅུང་ཅིག་ འཁྱམས་སྡོད་སར་ མཐོང་ཡོདཔ་ཨིན་པས།
ས་གནས་དེ་ནང་ བྱ་ཁྲུང་ཁྲུང་ཚུ་ཆགས་ཏེ་ ད་རེས་འབདཝ་ད་ ལོ་༣ འགྱོ་དོ་ཡོད་མི་དེ་ཡང་ ན་ཧིང་ ས་ཁོངས་དེ་ནང་ ཁྲུང་ཁྲུང་༢ ཟླཝ་༡ དེ་ཅིག་ འཁྱམས་སྡོད་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༦ ལུ་ ཁྲུང་ཁྲུང་༡ བདུན་ཕྲག་༢ དེ་ཅིག་ འཁྱམས་སྡོད་སར་མཐོང་ནུག།
ཨུ་མཛོ་རོང་གི་ ནགས་ཚལ་གླིང་འཛིན་པ་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ བྱ་ཚུ་ སྤྱི་ཟླ་༡༡ པའི་ཚེས་༡༥ འི་ ཉི་མའི་ཆུ་ཚོད་༡ དེ་ཅིག་ཁར་ ད་ལྟོ་ ཆུ་ཞིང་ནང་ ཀེ་བའི་ལཱ་འབད་མི་ སོ་ནམ་པ་ཚུ་གིས་ མཐོང་ཡོདཔ་ལས་ མི་སེར་ཚུ་ལུ་ བྱ་ཁྲུང་ཁྲུང་ཚུ་ མ་དཀྲོག་པར་བཞག་དགོ་པའི་སྐོར་ལས་ གོ་བརྡ་སྤྲོད་དེ་ཡོད་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ བྱ་ཁྲུང་ཁྲུང་ ས་ཁོངས་གསརཔ་ནང་ ཆགས་མི་དེ་ཡང་ གཏན་འཇགས་འཁྱམས་སའི་ ས་ཁོངས་ནང་ འཕུར་འགྱོཝ་ད་ ལམ་འཛོལ་མི་ལུ་བརྟེན་ཨིན་པས།
ཕོབ་སྦྱིས་ཁ་ ཁྲུང་ཁྲུང་སྐེ་ནག་ལྟེ་བའི་ འཛིན་སྐྱོང་པ་ སཱན་ཏ་ལཱལ་ དཱཇ་མེར་གྱིས་ འདས་པའི་ལོ་ནང་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ཡང་ ཁྲུང་ཁྲུང་སྐེ་ནག་ཚུ་ ལམ་འཛོལ་ཏེ་ བ་འཇོ་ཁྲོམ་གྱི་ ཉེ་འདབས་ལུ་ ཆུའི་མཐའམ་བདའ་སྟེ་ འཁྱམས་སྡོད་སར་མཐོང་ཅི་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨུ་མཛོ་རོང་ལུ་མཐོང་མི་ ཁྲུང་ཁྲུང་ཚུ་ བཀྲ་ཤིས་གཡང་རྩེ་ འབུམ་སྡེ་གླིང་ལུ་འགྱོ་མི་ ཨིནམ་འོང་ཟེར་ཨིནམ་ད་ བྱ་ཚུ་གིས་ ལམ་འཛོལ་བའི་ཤུལ་ལུ་ ཉིནམ་དག་པ་ཅིག་ འཁྱམས་སྡོད་ཞིནམ་ལས་ ལོག་འཕུར་འགྱོ་འོང་ཟེར་ བཤདཔ་ཨིན་པས།
ཁྲུང་ཁྲུང་སྐེ་ནག་ཚུ་ གནམ་དགུན་ལུ་ སྤྱི་ཟླ་༡༠ པ་མཇུག་བསྡུ་ཁམས་ལས་ སྤྱི་ཟླ་༡༢ པའི་ཟླ་མཇུག་གི་བར་ན་ འབྲུག་ལུ་ འཁྱམས་སྡོད་དོ་ཡོདཔ་ད་ ད་ཚུན་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོའི་ནང་ བྱ་ཁྲུང་ཁྲུང་༢༦༥ དེ་ཅིག་ ལྷོད་དེ་ཡོདཔ་ཨིན་པས།
ཁ་ཙ་ཚུན་ ཕོབ་སྦྱིས་ཁ་ལུ་ ཁྲུང་ཁྲུང་སྐེ་ནག་༢༣༩ འཁྱམས་སྡོད་སར་ མཐོང་ཡོདཔ་ད་ བཀྲ་ཤིས་གཡང་རྩེ་འབུམ་སྡེ་གླིང་ལུ་༡༨ དང་ འདས་པའི་བདུན་ཕྲག་ཚུན་ དབང་འདུས་ཕོ་བྲང་མཁོ་ཐང་ཁ་ལུ་ ཁྲུང་ཁྲུང་༡༣ བུམ་ཐང་དང་ ལྷུན་རྩེ་ལུ་ བྱ་༣ རེ་ མཐོང་གསལ་བྱུང་ཡོདཔ་ཨིན་པས།
སཱན་ཏ་ལཱལ་གྱིས་འབད་བ་ཅིན་ འདས་པའི་ལོ་ནང་ འབྲུག་ལུ་ ཁྲུང་ཁྲུང་སྐེ་ནག་༦༢༦ ཆགས་ཡོད་མི་དེ་ འདས་པའི་ལོ་ངོ་༣༢ ཀྱི་རིང་ལུ་ མཐོ་ཤོས་ཅིག་ཨིནམ་ད་ དེ་ཚུ་གི་གྲས་ལས་ ཕོབ་སྦྱིས་ཁ་ལུ་ བྱ་༥༠༤ དང་ འབུམ་སྡེ་གླིང་ལུ་༡༠༢ བུམ་ཐང་ལུ་༨ མཁོ་ཐང་ཁ་ལུ་༩ ལྷོད་ཡོདཔ་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ ས་ཁོངས་ཚུ་ནང་ ཁྲུང་ཁྲུང་ཆགས་ནིའི་ དུས་ཚོད་ཨིནམ་བཞིན་དུ་ ནགས་ཚལ་འགོ་དཔོན་ཚུ་གིས་ ད་ལས་ཕར་ ཁྲུང་ཁྲུང་སྐེ་ནག་མངམ་ ལྷོད་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ཕོབ་སྦྱིས་ཁ་ལུ་ ལོ་བསྟར་ཁྲུང་ཁྲུང་དུས་སྟོན་ བརྩི་སྲོལ་ཡོད་མི་དེ་ དུས་ཅི་ འབུམ་སྡེ་གླིང་ལུ་ ས་གནས་ཀྱི་ མི་ཚུ་དང་ སྲུང་སྐྱོབ་སྡེ་ཚན་ དེ་ལས་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ལས་སྡེའི་ འགོ་དཔོན་ཚུ་ འཛོམས་ཐོག་ལས་ ད་རིས་ བརྩི་སྲུང་འབདཝ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།