༉ དུས་ཅི་ལས་ བཀྲིས་སྒང་དང་ ཉེ་འདབས་ལུ་ཡོད་པའི་མི་སེར་ཚུ་གིས་ ལོ་༣༥༩ ལང་མིའི་ བཀྲིས་སྒང་གི་རྫོང་ནང་སྦེ་ ལོ་བསྟར་ཚེས་བཅུ་མཇལ་ཚུགས་ནི་ཨིན་པས།
དེ་ཡང་ འདས་པའི་ལོ་༤ དེ་ཅིག་ རྫོང་ཉམས་གསོའི་ལཱ་འབད་མི་ལུ་བརྟེན་ བཀྲིས་བསྒང་གི་ལོ་བསྟར་གནང་སྲོལ་ཡོད་པའི་ཚེས་བཅུ་དེ་ སློབ་གྲྭའི་རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དུས་ཅི་ལས་ རྫོང་ཉམས་གསོའི་ལཱ་མཇུག་བསྡུ་མི་དང་འབྲེལ་ རྫོང་ཁག་བདག་སྐྱོང་དང་ གྲྭ་ཚང་ལུ་ སྤྱི་ཟླ་༨ པ་ནང་ རྫོང་རྩིས་སྤྲོད་འབད་ཡོདཔ་ལས་ རབ་སྡེའི་གྲྭ་ཚང་སྡེ་ཡང་ རྫོང་ནང་སྤོ་བཤུད་འབད་ཡོདཔ་ཨིན་པས།
གྲྭ་ཚང་གི་དྲུང་ཆེན་ ཚེ་རིང་དངོས་གྲུབ་ཀྱིས་ སླབ་མིའི་ནང་ རྫོང་ཉམས་གསོ་ཞུ་ཚར་ནི་དེ་གིས་ དགེ་སློང་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ སྡོད་ཚུགས་ནི་ཨིན་མི་དེ་ཡང་ རྐྱེན་ངན་རེ་འབྱུང་པ་ཅིན་ མེ་རྐྱེན་ཉེན་སྲུང་གི་ཅ་ཆས་ཚུ་ཡང་ རྫོང་ནང་ གཞི་བཙུགས་འབད་དེ་འདུག་ཟེར་ཨིན་པས།
དགེ་སློང་ཚུ་གི་དོན་ལུ་ གྲྭ་ཤག་རྐྱབ་ཡོད་པའི་ཁར་ གྲྭ་ཤག་ནང་ བླམ་གནས་བརྟན་བརྩིས་པའི་ དགེ་སློང་ཞལ་གྲངས་༧༠ ལྷགཔ་ཅིག་ ཤོང་ཚུགས་ནི་དང་ འདི་དང་འབྲེལ་ གསང་སྤྱོད་ཚུ་ཡང་ རྐྱབ་ཡོདཔ་མི་གིས་ བྱ་སྟབས་བདེ་དྲགས་ཡོདཔ་ཨིན་རུང་ ད་ལྟོ་ རྫོང་ཁག་བདག་སྐྱོང་དངའབྲེལ་བའི་ལཱ་ཚུ་ བཀྲིས་བསྒང་སློབ་གྲྭ་བར་མའི་ སློབ་ཁང་ཉམས་བཅོས་ འབད་མིའི་ནང་ འབད་དོ་ཡོདཔ་ཨིན་པས།
བཀྲིས་བསྒང་རྫོང་བདག་ ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་ལུ་ རྫོང་རྩིས་སྤྲོད་འབད་ཡོད་རུང་ རྫོང་གི་རྡོ་གཅལ་གྱི་རྡོ་ལེབ་ཚུ་ འཆམ་སྦྱང་བ་འབད་བའི་སྐབས་ ཆག་དཀྲུམས་ཤོར་མི་དང་ ཕྱི་ཁ་ལས་ སློག་སྐྱོར་སྒོར་མིའི་ ཅ་ཆས་བཤུབ་ནིའི་ལཱ་ཚུ་ འབད་མ་ཚར་བར་ཡོདཔ་ལས་ ད་ལྟོ་ རྫོང་ཁག་བདག་སྐྱོང་དེ་ རྫོང་ནང་སྤོ་བཤུད་མ་འབད་ཟེར་ཨིན་པས།
རྫོང་བདག་གིས་ འབད་བ་ཅིན་ གསང་སྤྱོད་གཞི་འགྱམ་ སྙོམས་ཏོག་ཏོ་མེད་པའི་ཁར་ བཙོག་གཡུར་ལེགས་ཤོམ་མེད་མི་གིས་ རྫོང་གི་བཟོ་བཀོད་མེདཔ་གཏང་ནི་མས་ཟེར་ཨིནམ་ད་ རྫོང་ཁག་བདག་སྐྱོང་གིས་ ཡིག་ཚང་ལུ་ མཁོ་གལ་ཅན་གྱི་ གློག་མེའི་བརྒྱུད་ཐག་ བཙུགས་ནི་དང་ གློག་རིག་ཡོངས་འབྲེལ་གྱི་ལཱ་ཚུ་ འབད་ཚར་ཡི་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་དེ་ རྫོང་ནང་མ་འཛུལ་བའི་ཧེ་མར་ ལཱ་ཚུ་ག་ར་མཇུག་བསྡུ་ནི་དོན་ལུ་ མ་དངུལ་འཚོལ་དོ་ཟེར་ རྫོང་བདག་གིས་ བཤད་པའི་ཁར་ སང་ཕོད་ལོ་འགོ་བཙུགས་ཁམས་གཅིག་ཁར་མ་གཏོགས་ རྫོང་ཁག་བདག་སྐྱོང་དེ་ རྫོང་ནང་འཛུལ་མི་ཚུགས་ནི་མས་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ དང་༢༠༡༡ གི་ ས་ཡོམ་གྱིས་ རྫོང་གི་ཤར་ཕྱོགས་དང་ ལྷོ་ཕྱོགས་ཁ་ཐུག་ལུ་ གནོད་སྐྱོན་རྐྱབ་མི་དེ་ སྤྱི་ལོ་༢༠༡༤ ཟླ་༢ པ་ལས་ ཉམས་གསོ་ཞུ་ནི་ འགོ་བཙུགས་ཡོད་པའི་ཁར་ རྫོང་ཉམས་གསོ་ལས་འགུལ་གྱིས་ རང་ལུགས་ཀྱི་བཟོ་བཀོད་ལུ་ བསྒྱུར་བཅོས་ག་ནི་ཡང་མེད་པར་ ཕྱིའི་བཟོ་བཀོད་ཧེ་མ་ག་ཨིནམ་སྦེ་ར་ བཞག་ཡོདཔ་ད་ རྫོང་གི་ནང་ན་ ཚོན་ཡང་རྒྱས་ཤིང་རྒྱསཔ་སྦེ་ བཏང་ཡོད་ཟེར་ཨིན་པས།
རྫོང་ཉམས་གསོ་འབད་མིའི་ནང་ དེང་སང་གི་བཟོ་བཀོད་ཡང་ དུམ་གྲ་རེ་ཡོད་པའི་ཁར་ དེ་ཡང་ མེ་བསད་ནིའི་དོན་ལས་ ཆུ་དུང་གི་རིམ་ལུགས་དང་ དུ་པ་དང་ དྲོད་ཤུགས་ཀྱི་ཚོར་འཕྲུལ་ དེ་ལས་ ཉེན་བརྡའི་རིམ་ལུགས་ཚུ་བཙུགས་ཡོད་ཟེར་ཨིནམ་ད་ རྫོང་ནང་ན་གི་ ལྷ་ཁང་༡༡ ག་རའི་ནང་ དྲོད་ཤུགས་ཀྱི་ཚོར་འཕྲུལ་ཚུ་ བཙུགས་ཡོདཔ་མ་ཚད་ དུ་པ་ཚོར་འཕྲུལ་དེ་ ཉེན་བརྡའི་རིམ་ལུགས་ལུ་ མཐུད་སྦྲེལ་འབད་ཡོདཔ་ཨིན་པས།
རྫོང་ནང་ མེ་རྐྱེན་འབྱུང་པ་ཅིན་ མེ་ག་དེ་སྦེ་མར་ཕབ་འབད་ནི་ཨིན་ནའི་ ཉིནམ་གཅིག་གི་རིང་ལུ་ སྦྱོང་བརྡར་ཚུ་ཡང་ འདས་པའི་ཟླཝ་ནང་བྱིན་མིའི་ནང་ ཅ་ཆས་ཚུ་ ལག་ལེན་འཐབ་ཐངས་དང་ གློ་འབུར་དུ་ མེ་རྐྱེན་འབྱུང་པའི་སྐབས་ ཅ་ཆས་ཚུ་གིས་ ག་དེ་སྦེ་བརྡ་ལེན་འབདཝ་ཨིན་ན་ཚུ་ སྟོན་བྱིན་ཡོདཔ་ད་ འདི་དང་འབྲེལ་ དགེ་སློང་ཚུ་ལུ་ སྦྱོང་བརྡར་དང་ གོ་བ་བརྡ་སྤྲོད་འབད་ཡོདཔ་ཨིན་པས།
རྫོང་ཉམས་གསོའི་ལཱ་དེ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༨༠ དེ་ཅིག་གི་ཐོག་ལུ་ འགོ་བཙུགས་ཡོད་པའི་ཁར་ རྫོང་ཉམས་གསོ་ལས་འགུལ་གྱིས་ གྲྭ་ཤག་དང་ ཚོགས་ཁང་ དེ་ལས་ གྲྭ་ཚང་གི་ཐབ་ཚང་ཚུ་རྐྱབ་ཡོདཔ་ད་ བཟོ་བསྐྲུན་གྱི་ལཱ་གསརཔ་ གཞན་ཡང་ རྫོང་གི་འཛུལ་སྒོ་དང་ སྒྲིག་གཡོག་གི་ཁང་མིག་ཚུ་ རྐྱབ་ཡོདཔ་ཨིན་པས།
རྫོང་ཉམས་གསོ་ ལས་འགུལ་འགོ་དཔོན་གྱིས་ སླབ་མིའི་ནང་ རྫོང་གི་ཤར་ཕྱོགས་ཁ་ཐུག་ལུ་ ཉམས་གསོ་ཞུ་བའི་སྐབས་ རྫོང་གི་གཞི་འགྱམ་ལས་འགོ་བཙུགས་ བཟོ་བསྐྲུན་གྱི་ལཱ་ མང་རབས་ཅིག་འབད་དགོ་པས་ཟེར་ཨིནམ་ད་ རྨང་གཞིའི་འགྱམ་བཙུགསཔ་ད་ རྡོ་སྦོམ་དང་ འདམ་ལག་ལེན་འཐབ་དགོཔ་ལས་ ཟད་འགྲོ་ཡང་ ཡར་སེང་འགྱོཝ་མས་ཟེར་ཨིན་པས།
རྫོང་ཉམས་གསོ་གིས་ལཱ་དེ་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འབད་ཡོདཔ་ཨིན་པས།
རྫོང་ཁག་གི་ ལོ་བསྟར་ཚེས་བཅུ་ཉིནམ་༤ འབད་མི་དེ་ སྤྱི་ཟླ་༡༡ པའི་ཚེས་༡༥ ལས་ འགོ་བཙུགས་ནི་ཨིནམ་ལས་ སྤྱི་ཟླ་༡༠ པའི་ཚེས་༢༣ ལས་ སྦྱང་བ་འབད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།
སྐད་སྒྱུར་ གནས་བརྟན་རྡོ་རྗེ།