ད་ཚུན་གྱི་བར་ན་ ཉམས་གསོའི་ལཱ་ བརྒྱ་ཆ་༨༤ མཇུག་བསྡུ་མི་ བཀྲིས་སྒང་རྫོང་།

བཀྲིས་སྒང་རྫོང་གི་ ཉམས་གསོའི་ལཱ་ སང་ཕོད་སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ནི།

༉ སྤྱི་ལོ་༢༠༡༤ ཟླ་༢ པའི་ནང་ བཀྲིས་སྒང་རྫོང་ཉམས་གསོ་ཞུ་ནིའི་ ལཱ་འགོ་བཙུགས་པའི་ཤུལ་ལས་ རབ་སྡེ་གྲྭ་ཚང་གི་ དགེ་སློང་ཚུ་གི་དོན་ལུ་ གྲྭ་ཤག་དང་ ཚོགས་ཁང་ ཐབ་ཚང་གསརཔ་རྐྱབ་ཚར་ཏེ་ ད་རེས་ནངས་པར་ དབུ་རྩེའམ་རྫོང་ངོ་མའི་ ཉམས་གསོའི་ལཱ་ལུ་ ཤུགས་ལང་པའི་བསྒང་ཡོདཔ་ཨིན་པས།
ཉམས་སྲུང་ལས་འགུལ་གྱིས་ ན་ཧིང་རྐྱབ་ཚར་མི་ གྲྭ་ཤག་དང་ བཞེས་སྒོ་ཟ་ཁང་ ཐབ་ཚང་གསརཔ་རྐྱབ་མི་དེ་ཡང་ དགེ་སློང་ཚུ་ རྫོང་གི་ཕྱི་ཁར་ སྤོ་བཤུད་འབད་ནི་དང་ མེ་རྐྱེན་གྱི་ ཉེན་ཁ་མར་ཕབ་འབད་ཐབས་ལུ་ཨིན་པས།
ལས་འགུལ་གྱི་ བཟོ་རིག་འགོ་དཔོན་ དམ་ཆོས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ རྫོང་ཉམས་སྲུང་ལས་འགུལ་གྱི་ ལཱ་བརྒྱ་ཆ་༨༤ མཇུག་བསྡུ་ཡོདཔ་བཞིན་དུ་ ལཱ་དེ་ ད་ལྟོ་བཟུམ་སྦེ་ར་ འགྱོ་བ་ཅིན་ རྫོང་ཉམས་གསོའི་ལཱ་དེ་ སང་ཕོད་སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་འོང་ཟེར་ཨིན་པས།
ད་ལྟོ་ ཉམས་སྲུང་གི་ ས་ཁོངས་ནང་ ལཱ་འབད་མི་ འབྲུག་མི་༡༠༠ དང་ རྒྱ་གར་གྱི་ ལས་མི་༢༠ དེ་ཅིག་ཡོདཔ་ད་ རྫོང་ཉམས་གསོ་ཞུ་ནི་ འགོ་བཙུགས་ཞིནམ་ལས་ བཀྲིས་སྒང་རྫོང་ཁག་གི་ རྒེད་འོག་༡༥ ཆ་མཉམ་ལས་ ཞབས་ཏོག་ལས་མིའི་ ལྷན་ཐབས་སྐོར་ཐེངས་དང་པ་ འབད་མི་དེ་ མཇུག་བསྡུ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ ཁས་བླངས་ཀྱི་ཐོག་ལས་ རྫོང་ཉམས་གསོ་ཞུ་བར་ མི་གངམ་མི་འོང་དོ་ཡོདཔ་ད་ ད་ཚུན་གྱི་བར་ན་ ཁས་བླངས་པ་སྡེ་ཚན་གསུམ་གྱིས་ ཞབས་ཏོག་ཞུ་ཡོདཔ་ཨིན་པས།

ལས་མི་ཚུ་གིས་ རྫོང་གི་དབུ་རྩེ་ལུ་ ཉམས་གསོ་ཞུ་བའི་བསྒང་།

འཕྲལ་ཁམས་ཅིག་ཁར་ ཁས་བླངས་ཐོག་ལས་ ཞབས་ཏོག་ཞུ་མི་དེ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ སློབ་ཕྲུག་༣༡ འབད་མི་ སྡེ་ཚན་ཅིག་གིས་ སྤྱི་ཟླ་༩ པའི་ཚེས་༣ ལུ་ རྫོང་ཉམས་གསོ་ཞུ་སའི་ ས་ཁོངས་ནང་ རྡོ་བསྐྱལ་ནི་གི་ ཆ་རོགས་འབད་ནུག།
འདས་པའི་ཟླཝ་ནང་ བདེ་སྲུངཔ་༤༩ དེ་ཅིག་གིས་ ཁས་བླངས་འབད་ཡོདཔ་མ་ཚད་ ན་ཧིང་ བཀྲིས་སྒང་ལས་ སློབ་དཔོན་༥༠ དེ་ཅིག་གིས་ ཉམས་གསོའི་ལཱ་ནང་ ཞབས་ཏོག་ཞུ་ནུག།
ཁས་བླངས་པ་སྡེ་ཚན་གསུམ་ཆ་ར་གིས་ ཞབས་ཏོག་གང་དྲག་ཞུ་མི་ལུ་བརྟེན་ ལཱ་གི་གྲུབ་འབྲས་འཐོན་ནི་ལུ་ ཕན་ཐབས་བྱུང་ཡི་ཟེར་ བཟོ་རིག་འགོ་དཔོན་ དམ་ཆོས་ལྷུན་གྲུབ་ཀྱིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༠༩ དང་༢༠༡༡ གི་ ས་ཡོམ་ལུ་བརྟེན་ མི་ལོ་༣༥༨ ལང་མི་ བཀྲིས་སྒང་རྫོང་གི་ ཤར་ཕྱོགས་ཁ་ཐུག་དང་ ལྷོ་ནུབ་ཀྱི་ཧོངས་ལས་ གག་འགྲམ་དང་ སེར་གུ་སྦོམ་ཐོན་པའི་ཤུལ་ལས་ ཉམས་གསོ་གི་ ལཱ་འགོ་བཙུགས་ཡོདཔ་ཨིན་པས།
དམ་ཆོས་ལྷུན་གྲུབ་ཀྱིས་འབད་བ་ཅིན་ ཉམས་སྲུང་ལས་འགུལ་གྱིས་ རང་ལུགས་ཀྱི་ བཟོ་བཀོད་ནང་ བསྒྱུར་བཅོས་སྦོམ་མི་འགྱོ་ཟེར་ཨིནམ་ད་ རྫོང་གི་ཕྱི་ཁའི་ བཟོ་བཀོད་དེ་ རང་འཇགས་སྦེ་ བཞག་ནི་ཨིན་རུང་ རྫོང་ནང་ནའི་ རང་ལུགས་ཀྱི་ཁྱད་ཆོས་ ལྷ་བྲིས་དང་ སྤྲོས་རྐོ་ལ་སོགས་པ་ཚུ་ རྒྱ་ཆེཝ་སྦེ་ ལག་ལེན་འཐབ་འོང་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དེ་ལས་ རྫོང་ནང་ན་ འཕྲུལ་རིག་གསརཔ་ མེ་བསད་ཆུ་དུང་ལམ་ལུགས་ལས་འགོ་བཙུགས་ དུ་པ་དང་ དྲོད་ཚོར་འཕྲུལ་ དེ་ལས་ ཉེན་བརྡའི་ལམ་ལུགས་ཚུ་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
རྫོང་ནང་ན་ ལྷ་ཁང་༡༡ ཡོད་མི་ཆ་མཉམ་གྱི་ནང་ དྲོད་ཚོར་འཕྲུལ་ཚུ་ བཙུགས་སྒྲིག་འབད་དེ་ཡོད་པའི་ཁར་ ཡིག་ཚང་ཚུ་གིས་གཙོས་པའི་ ཁང་མིག་གཞན་ག་རའི་ནང་ དུ་པ་ཚོར་འཕྲུལ་ གཞི་བཙུགས་ཏེ་ཡོདཔ་མ་ཚད་ དེ་ཚུ་དང་གཅིག་ཁར་ བརྡ་སྐད་ལམ་ལུགས་ཚུ་ མཐུད་སྦྲེལ་འབད་དེ་ཡོད་ཟེར་ དམ་ཆོས་ལྷུན་གྲུབ་ཀྱིས་ བཤདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ གསང་སྤྱོད་ཚུ་ རྫོང་གི་ཕྱི་ཁར་ཡོད་རུང་ ད་རེས་ ཉམས་གསོ་ཞུ་མི་ རྫོང་ནང་ན་ གསང་སྤྱོད་༡༤ དེ་ཅིག་ བཟོ་སྐྲུན་འབད་ནི་ཨིན་པས།
རྫོང་ཉམས་གསོའི་ལཱ་ འགོ་བཙུགས་མི་དང་བསྟུན་ སྤྱི་ལོ་༢༠༡༤ གི་ཕྱེད་མཚམས་ལས་ རྫོང་ཁག་བདག་སྐྱོང་དེ་ བཀྲིས་སྒང་འབྲིང་རིམ་སློབ་གྲྭ་བར་མའི་ རྒྱ་སྐྱེད་ཁང་མིག་ཚུ་ནང་ བྱ་སྒོ་འཐབ་ཨིན་པས།
བཀྲིས་སྒང་རྫོང་ཉམས་སྲུང་ལས་འགུལ་དེ་ ལམ་སྲོལ་ལས་ཁུངས་ཀྱི་ ཉམས་སྲུང་སྡེ་ཚན་གྱིས་ འགོ་འདྲེན་ཐོག་ལུ་ འབད་དོ་ཡོདཔ་ད་ རྫོང་ཉམས་གསོའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༦༠.༩ དེ་ཅིག་ གནས་ནི་ཨིན་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *