༉ བཀྲིས་སྒང་རྫོང་ཁག་གིས་ ཆང་ལག་ལེན་འཐབ་མི་ མར་ཕབ་འབད་ཐབས་ལུ་ དུར་ཁྲོད་ཁར་ ཕུངམ་མེ་སྦྱང་འབད་བའི་སྐབས་ལུ་དང་ ཆོས་དང་འབྲེལ་བའི་ལས་རིམ་ཚུ་ནང་ ཆང་གི་རིགས་ཚུ་ ལག་ལེན་འཐབ་ནི་ལས་ བཀག་ཆ་འབད་ནི་ཨིན་པས།
དེ་ཡང་ ཧེ་མ་ལས་ འཛོམས་འདུ་དང་ དུས་སྟོན་ལས་རིམ་ཚུ་གི་སྐབས་ ནང་འཁོད་ལས་བཟོ་མི་གཡུས་ཆང་ ལག་ལེན་འཐབ་སྲོལ་ཡོད་མི་དེ་ མར་ཕབ་འབད་ཐབས་ལུ་ རྫོང་ཁག་གིས་ སྤྱི་ལོ་༢༠༡༦ ལས་ ཆང་ལུ་བརྟེན་པའི་གནོད་པ་ མར་ཕབ་འབད་ནིའི་ལས་རིམ་ འགོ་འདྲེན་འཐབ་མི་དང་འཁྲིལ་ཨིན་པས།
སྤྱི་ལོ་༢༠༡༦ ཟླཝ་༨ པའི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ འཛིན་སྐྱོང་བཀའ་རྒྱ་བཏོན་པའི་ཤུལ་ལུ་ རྫོང་ཁག་གནས་ཚད་ནང་ལས་ ཆང་གི་ལག་ལེན་ མར་ཕབ་འབད་ནིའི་དོན་ལུ་ ཚོགས་ཆུང་ཅིག་ བཟོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ཟླ་༢ པའི་ཚེས་༢༤ ལུ་ བཀག་དམ་ལས་རིམ་དེ་ བསྟར་སྤྱོད་འབད་ནིའི་དོན་ལུ་ ཚོགས་འདུ་གིས་ རྒེད་འོག་དང་སྤྱི་འོག་གནས་ཚད་ནང་ ཚོགས་ཆུང་བཟོ་ཡོད་པའི་ཁར་ ལས་རིམ་དེ་ནང་ ཆང་ལག་ལེན་མར་ཕབ་འབད་ནིའི་སྐོར་ལས་ འཆར་གཞི་ཚུ་ བཟོ་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ མི་མང་དང་གཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ལས་ ཕུངམ་མེ་སྦྱང་འབད་བའི་སྐབས་དང་ ཆོས་ཕྱོགས་ལས་རིམ་ཚུ་གི་སྐབས་ལུ་ གྲོང་གསེབ་ནང་ལས་བཟོ་མི་ ཆང་གི་རིགས་ཚུ་ རྩ་ལས་ར་ ལག་ལེན་མི་འཐབ་ནིའི་ ངོས་ལེན་འབད་ཡོདཔ་ཨིན་པས།
ཕོངས་མེད་རྒཔོ་ དཔལ་ལྡན་རྡོ་རྗེ་གིས་ སླབ་མིའི་ནང་ ཆེ་མཐོའི་འགོ་དཔོན་ཚུ་ འོང་པའི་སྐབས་ལུ་ཡང་ ཚོགས་ཆང་སྦེ་ ཨ་རག་ལག་ལེན་འཐབ་སྲོལ་ཡོད་མི་དེ་ མར་ཕབ་སོང་སྟེ་ཡོད་ཟེར་ཨིནམ་ད་ རྒཔོ་གིས་སླབ་མིའི་ནང་ ད་རེས་ནངས་པར་ ཚོགས་ཆང་དོན་ལུ་ མཐོ་ཤོས་ ཆང་དམ་སྦྱིས་གསུམ་དེ་ཅིག་ལས་ འབག་འོང་བཅུག་ནི་མེད་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཁྱིམ་གུང་རེ་གིས་ ཆང་དམ་སྦྱིས་རེ་ འབག་འོང་ནི་ཡོད་ཟེར་ཨིན་པས།
ད་རེས་ནངས་པར་ ཚོགས་ཆང་གི་ཚབ་སྦེ་ ཇ་དང་ ནང་འཁོད་ལས་ཐོན་མི་ ཤིང་འབྲས་དང་ཚོད་བསྲེ་ དེ་ལས་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ རྒཔོ་གིས་སླབ་མིའི་ནང་ གསོ་བའི་ལྷན་ཁག་གིས་ ཆང་ལུ་བརྟེན་པའི་གནོད་པ་ཡོད་པའི་སྐོར་ལས་ གོ་བརྡ་སྤྲོད་མི་དེ་ དོན་སྨིན་ཅན་སྦེ་སོང་སྟེ་ ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཚོགས་ཆུང་གིས་ འཆར་གཞི་བཟོ་བའི་སྐབས་ མི་སེར་ཚུ་ལས་ རྒྱབ་སྐྱོར་ཧྲིལ་བུམ་ཐོབ་ཅི་ཟེར་ཨིནམ་ད་ རྒེད་འོག་ནང་ ཆང་ལག་ལེན་འཐབ་མི་ བརྒྱ་ཆ་༤༠ དེ་ཅིག་ མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲུག་པའི་ལམ་སྲོལ་ནང་ ཆང་ལག་ལེན་འཐབ་ནི་དེ་ ཧེ་མ་ལས་ ཡོད་ནི་དེ་གིས་ ཆང་ལག་ལེན་འཐབ་ནིའི་སྲོལ་དེ་ རྩ་བ་ལས་མེདཔ་བཟོ་ནི་དེ་ ལཱ་ཁག་ཡོདཔ་ལས་ ཆང་ལུ་བརྟེན་པའི་ གནོད་པ་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ནིའི་ལམ་རིམ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
རྫོང་ཁག་གསོ་བའི་སྡེ་ཚན་གྱིས་ ཆང་མང་སུ་སྦེ་ སྤྱོད་མི་སྤྱི་འོག་ཚུ་བརྩིས་ཏེ་ རྒེད་འོག་༡༥ ག་རའི་ནང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཚར་བའི་ཁར་ བར་མཚམས་རྒཔོ་ སྐལ་བཟང་ཟླ་བ་གིས་ སླབ་མིའི་ནང་ རྒེད་འོག་ནང་ ལས་རིམ་དེ་ མཐར་འཁྱོལ་བྱུང་སྟེ་ཡོད་ཟེར་ཨིནམ་ད་ ཧེ་མའི་ ལམ་སྲོལ་ལུ་ ཐོ་མ་ཕོགཔ་སྦེ་ ཆང་སྤྱོད་མིའི་གནས་ཚད་དེ་ མར་ཕབ་འབད་ཚུགས་ཏེ་ཡོད་ཟེར་ཨིན་པས།
ཧེ་མ་ ཆང་རྒྱ་ཆེ་དྲགས་སྦེ་འཐུང་མི་ཚུ་ཡང་ ད་རེས་ནངས་པར་ ཆང་དང་འབྲེལ་བའི་ གོ་བརྡ་ཚུ་སྤྲོད་སར་མཐོང་མི་དེ་ བརྡ་མཚོན་ལེགས་ཤོམ་ཨིན་མས་ཟེར་ རྒཔོ་གིས་བཤད་ཅི།
སྤྱི་ལོ་༢༠༡༢ ལུ་ རྒྱལ་ཡོངས་གསོ་བའི་ ཞིབ་འཚོལ་དང་འཁྲིལཝ་ད་ བཀྲིས་སྒང་རྫོང་ཁག་གི་ མི་རློབས་བརྒྱ་ཆ་༢༩ དེ་ཅིག་ ཆང་འཐུང་མི་ཨིན་པའི་ མངོན་གསལ་འབྱུང་ཡོདཔ་ཨིན་པས།
པདྨ་དགའ་ཚལ་རྫོང་ཁག་ནང་ བརྒྱ་ཆ་༤༢ ཡོད་པའི་ཁར་ གཞལམ་སྒང་ལུ་༣༩ དེ་ལས་ མོང་སྒར་རྫོང་ཁག་ནང་བརྒྱ་ཆ་༣༣ གྱིས་ ཆང་འཐུང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ ལོ་བསྟར་ཁྱིམ་གུང་ཞིབ་འཚོལ་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ བཀྲིས་སྒང་རྫོང་ཁག་ནང་ མི་ངོམ་༡༦༤༡ གིས་ དུས་རྒྱུན་དུ་ ཆང་འཐུང་དོ་ཡོད་པའི་ཁར་ སྤྱི་ལོ་༢༠༡༤ ལུ་ ཆང་འཐུང་མིའི་གྱངས་ཁ་དེ་༢,༠༡༣ ལུ་ ཡར་སེང་སོང་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༥ ལུ་༢,༣༤༤ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
ལས་རིམ་དེ་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་༢༠༡༦ ལུ་ ཆང་འཐུང་མིའི་གྱངས་ཁ་དེ་༡,༩༤༥ ལུ་ མར་བབས་སོང་ཡོདཔ་ད་ ཆང་འཐུང་མི་མངམ་ཡོད་མི་དང་འབྲེལ་ མ་དངུལ་དང་ མི་སྡེ་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ ཡར་སེང་སོང་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གིས་ སྤྱི་ལོ་༢༠༡༥ ལུ་ ཆང་དང་འབྲེལ་བའི་ ནདཔ་ཐོན་མི་ཚུ་ལུ་ སྨན་བཅོས་དོན་ལས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༧ བཏང་ཡོད་མི་དེ་ སྤྱི་ལོ་༢༠༡༦ ལུ་ ད་རུང་ དངུལ་ཀྲམ་ས་ཡ་༡ དེ་ཅིག་ ཟད་འགྲོ་ཐེབས་གནས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལོའི་ གསོ་བའི་སྙན་ཞུ་དང་འཁྲིལཝ་ད་ ཆང་དང་འབྲེལ་བའི་ ཤི་རྐྱེན་དེ་ཡང་ སྤྱི་ལོ་༢༠༡༢ ལུ་༡༤༠ ཐོན་མི་དེ་ སྤྱི་ལོ་༢༠༡༦ ལུ་༡༩༠ ལུ་ ཡར་སེང་སོང་ཡོད་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།