སྐམ་སོང་མི་མཚོའི་མཐོང་སྣང་།

བཀྲིས་སྒང་ཡོན་ཕུ་ལ་ གནམ་ཐང་འོག་ལུ་ཡོད་མི་མཚོ་ སྐམ་འགྱོ་དོ་ཡོདཔ།

༉ ལོ་ངོ་བཅུ་ཕྲག་ གསུམ་དེ་ཅིག་གི་ཧེ་མར་ བཀྲིས་སྒང་ཡོན་ཕུ་ལ་ ནང་འཁོད་གནམ་གྲུ་ཐང་གི་འོག་ལུ་ མཚོའི་བཀྱག་ཧོནམ་འབད་ཡོད་མི་དེ་ ཆུ་ལྟེམ་ལྟེམ་གང་སྟེ་ སྡོད་དོ་ཡོད་རུང་ ད་རེས་ནངས་པར་ མཚོ་དེ་ཉམས་ནི་གུ་ ལྷོད་ཡོདཔ་ཨིན་པས།

དེ་ཡང་ ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ གནམ་གྲུ་ཐང་ རྒྱ་སྐྱེད་ཀྱི་ ལཱ་འབད་ཞིནམ་ལས་ཚུར་ མཚོ་དེ་ སྐམ་ནི་འགོ་བཙུགས་ཅི་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ དེ་ཅིག་ར་ བསྐམ་ནི་མེད་ཟེར་ཨིན་པས།

ད་ལྟོ་ མཚོ་གི་ས་ཁོངས་ནང་ འགྱོ་བལྟ་བ་ཅིན་ མཚོ་སྦོམ་ཡོད་པའི་ཤུལ་ཚུ་ མཐོང་ཚུགསཔ་ཨིན་པས།

ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ གནམ་བྱཱར་ལུ་ ཆུའི་ཚད་གཞི་ ཡར་འཕར་འགྱོ་དོ་ཡོད་མི་གིས་ ས་ཞིང་ཨེ་ཀར་༢ ལྷགཔ་ཅིག་ གང་ཚུགས་ཟེར་ཨིན་པས།

ཡོན་ཕུ་ལ་ མཚོའི་བསྐོར་ལས་ཤེས་མི་ དེ་ཅིག་ར་མེདཔ་ལས་ སྐྱེས་ལོ་༦༤ ལང་མི་ སྒོམ་ཆེན་བསྟན་འཛིན་རྡོ་རྗེ་གིས་ ལོ་རྒྱུས་དུམ་གྲ་རེ་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཧེ་མ་མཚོ་དེ་ ས་གནས་འདི་ཁར་ ག་དེ་སྦེ་ཆགས་ཡོདཔ་ཨིན་ན་ ལོ་རྒྱུས་མ་ཤེས་རུང་ རྒས་ཤོས་ཚུ་གི་ ཁ་རྒྱུན་ལས་འབདཝ་ད་ མཚོ་དེ་ རྡོ་རྗེ་ཕག་མོའི་བླ་མཚོ་འཇུག་ཨིན་ཟེར་ སླབ་སྲོལ་འདུག་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ སྤང་ཐང་ནང་ ཆུ་ལྟེམ་ལྟེམ་སྦེ་ གང་ས་མཐོང་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གནམ་གྲུ་ཐང་བཟོ་སྐྲུན་གྱི་ལཱ་ འགོ་བཙུགས་པའི་ཤུལ་ལུ་ མཚོ་དེ་སྐམ་དོ་བཟུམ་ཚོར་ཡི་ཟེར་ཨིནམ་ད་ ཧེ་མ་ ཨ་ལོ་༡ ཡང་ མཚོ་དེ་ཁར་ ཐིམ་སྟེ་ཤི་བའི་ ལོ་རྒྱུས་ཡོད་ཟེར་ཨིན་པས།

ད་རེས་ནངས་པར་ མཚོ་ཟེར་རུང་ ཆུ་འདམ་ཚང་སྦེ་ཡོད་མི་དང་ སྦོ་ལོགས་ཁ་ལས་ཕར་ ས་རག་རོ་ཚུ་གིས་ གང་མི་དེ་ཨིན་པས།

ཧེ་མ་འབད་བ་ཅིན་ ད་ལྟོ་ཡོད་པའི་མཚོ་ཤུལ་ཚུ་ ཆུ་གིས་གང་ནི་ཡོད་ཟེར་ བརྡ་སྟོན་ཐོག་ལས་ སྐྱེས་ལོ་༧༤ ལང་མི་ སངས་རྒྱས་འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ མཚོའི་སྦོ་ལོགས་ཁ་ལས་ཕར་ ནོར་འཚོ་སྡོད་པའི་སྐབས་ ཆུ་བྱ་ཚུ་ཡང་ འཁྱམས་སྡོད་སར་ མཐོང་ཚུགས་ཟེར་ཨིནམ་ད་ མཚོ་སྐམ་པའི་ཤུལ་ལུ་ ཆུ་བྱ་ཡང་ འོང་ནི་མིན་འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཞི་བའི་མཁའ་འགྲུལ་དང་ དབང་འཛིན་གྱིས་ ས་ཁོངས་དེ་ བཀག་དམ་ཅན་གྱི་ས་ཁོངས་སྦེ་ ངོས་འཛིན་མ་འབད་ཚུན་ གཡུས་མི་ཚུ་ ནོར་འཚོ་སའི་ས་ཁོངས་ཨིནམ་མ་ཚད་ ནོར་ཚུ་ཉིན་མར་ ཆུ་ཡང་མཚོ་ནང་ལས་ འཐུངམ་ཨིན་ཟེར་ཨིན་པས།

སྐྱེས་ལོ་༧༤ ལང་མི་ གནམ་གྲུ་ཐང་གི་ ཉེན་སྲུང་འགོ་དཔོན་ ཚེ་བརྟན་གྱིས་སླབ་མིའི་ནང་ ལོ་དག་པ་ཅིག་ཧེ་མར་ མཚོ་དེ་ཁར་ ཆུ་བྱ་འོང་ས་ ཁོ་གིས་ཡང་ མཐོང་ཅི་ཟེར་ཨིནམ་ད་ ད་རེས་ནངས་པར་ ཆུ་བྱ་ཕུད་རྡོག་གཅིག་ཡང་ མ་མཐོང་ཟེར་ཨིན་པས།

གནམ་གྲུ་ཐང་ བཟོ་སྐྲུན་འབད་བའི་སྐབས་ ས་ཚུ་མཚོའི་ལྟག་ལུ་ བླུགས་བཞག་མི་དེ་ མཚོའི་ནང་འཛུལ་ཞིནམ་ལས་ཚུར་ མཚོ་སྐམ་ནི་འགོ་བཙུགས་ཅི་ཟེར་ཨིནམ་ད་ ན་ཧིང་འབད་བའི་བསྒང་ལས་ མཚོ་ག་ར་ སྐམ་སོ་ནུག་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ ལ་ལོ་ཅིག་གིས་ མཚོ་མེན་པ་ཟེར་སླབ་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ མཚོ་དེ་ མེ་མེ་དྭངས་ལེན་གྱི་ ཞབས་གཡོན་པའི་མཚོ་དང་ ས་གནས་ཕྱི་ཁ་ལུ་ཡོད་མི་མཚོ་དེ་ ཞབས་གཡསཔ་ཨིན་པའི་ ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན་པས།

མཚོ་དེ་སྐམ་ཞིནམ་ལས་ཚུར་ གཡུས་སྒོའི་ནང་ ན་ནི་ཚ་ནི་མངམ་ཐོན་ཏེ་ བླམ་ཚུ་ལས་ མོ་བཏབ་དང་ རྩིས་བཏབ་འབད་བའི་ཁར་ དཔའ་བོ་དང་ དཔའ་མོ་ཚུ་གིས་འབད་རུང་ ས་གནས་ཀྱི་ གནས་བདག་དང་ གཞི་བདག་ཚུ་ ཁྲོལ་ནུག་ཟེར་ཨིན་པས།

ཁོང་གཡུས་མི་ཚུ་གིས་ ཨ་རྟག་ར་ བསངས་དང་བསུར་ མ་ཆད་པར་བཏང་རུང་ ཕན་ཐོགས་བྱུང་མ་ཚུགས་ཟེར་ ཨིན་པས།

ཧེ་མ་འབད་བ་ཅིན་ ས་ཁོངས་དེ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་དང་ ས་གནས་ཀྱི་མི་ཚུ་ མཛར་ཅུམ་བཟའ་སའི་ ས་ཁོངས་ཅིག་ཨིན་ཟེར་ ས་གནས་ཀྱི་ མི་ཚུ་གིས་ བཤདཔ་ཨིན་པས།

མཚོ་སྐམ་སོང་མིའི་བསྐོར་ལས་ འབྲུག་མཁའ་གྲུལ་དབང་འཛིན་གྱིས་ ཤེས་རྟོགས་བྱུང་ཡོདཔ་ད་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཉམས་སྲུང་ལཱ་ཚུ་ འབད་ནི་འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ འབད་བ་ཅིན་ ས་རག་རོ་ཚུ་ མཚོ་ནང་འཛུལ་ནི་ལས་ བཀག་ཐབས་ལུ་ གྱང་རྩིག་རྐྱབ་པའི་བསྒང་ཡོད་ཟེར་ཨིནམ་ད་ ཆུ་གཡུར་ཡང་ རྐྱབ་དོ་ཟེར་ཨིན་པས།

མཚོ་ནང་འཛུལ་མི་ ས་རག་རོ་ཚུ་བཏོན་ཐོག་ལས་ གནམ་གྲུ་ཐང་ལས་ འགྱོ་མིའི་ཆུ་ཚུ་ གཙང་ཏོག་ཏོ་སྦེ་ མཚོ་ནང་བཏང་སྟེ་ ཉམས་སྲུང་འབད་ནིའི་ འཆར་གཞི་ཡོདཔ་མ་ཚད་ མཚོ་རྒྱུན་སྐྱོང་འབད་ཐབས་ལུ་ ལོགས་སུ་འབད་ ཆུ་དཔག་ཐོག་ལས་ ཉམས་སྲུང་འབད་ནི་གིས་མ་ཚད་ མཚོའི་མཐའ་འཁོར་ལས་ཕར་ ཤིང་ཚུ་ཡང་ བཙུགས་འོང་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།

ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལས་འགུལ་གྱིས་ གནམ་གྲུ་ཐང་བཟོ་སྐྲུན་འབད་བའི་སྐབས་ མཚོ་འདི་ལུ་ གནོད་པ་རྐྱབ་ཡོདཔ་ལས་ ཁོང་ར་གིས་ ཉམས་སྲུང་འབད་འོང་ཟེར་ ངོས་ལེན་འབད་དེ་ཡོད་ཟེར་ཨིནམ་ད་ སྤྱིར་བཏང་མཚོ་དེ་ ཧེ་མ་ག་ཨིནམ་སྦེ་ ཉམས་སྲུང་འབད་མ་ཚུགས་རུང་ ག་དེ་དྲག་དྲག་ ཉམས་སྲུང་འབད་ཐབས་ཀྱི་ ཐབས་བྱུས་ཚུ་ བཏོན་འོང་ཟེར་ཨིན་པས།

མཚོའི་སྐོར་ལས་ ལོ་རྒྱུས་ཤེས་མི་ དེ་ཅིག་ར་མེད་རུང་ གཏིང་ཚད་མི་ཊར་༤ དང་ རྒྱ་ཚད་ཕིཊ་༢༠༠ ལྷགཔ་ཅིག་ཡོད་ཟེར་ ས་གནས་ཀྱི་མི་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀང་ལུང་།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *