ལག་ལེན་འཐབ་བཏུབ་མེད་པའི་ བཀྲིས་སྒང་ཚོད་བསྲེ་ཁྲོམ་གྱི་ མི་མང་གསང་སྤྱོད།

བཀྲིས་སྒང་ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་མི་གསང་སྤྱོད་ ལག་ལེན་འཐབ་བཏུབ་མེདཔ།


༉ བཀྲིས་སྒང་ཚོད་བསྲེ་ཁྲོམ་གྱི་ སྒྲིང་ཁྱིམ་རྒྱབ་ཁར་ ཆབ་གསང་འབད་དོ་ཡོད་པའི་ཤུལ་ཚུ་ མཐོང་ཚུགས་མི་དེ་ཡང་ ཚོད་བསྲེ་ཁྲོམ་གྱི་ལྟག་ལུ་ཡོད་མི་ མི་མང་གསང་སྤྱོད་དེ་ ལག་ལེན་འཐབ་མ་བཏུབ་ཐལ་མི་ལུ་བརྟེན་ཏེ་ཨིན་པས།

ཚོད་བསྲེ་བཙོང་མི་ཚུ་དང་འཁྲིལ་བ་ཅིན་ མི་མང་ཤོས་ཅིག་གིས་ ཆབ་གསང་ཕྱི་ཁར་ བཏང་བཞགཔ་མས་ཟེར་ཨིནམ་ད་ ས་གོ་ནང་ ཆབ་གསང་བསྡུས་པའི་ དྲི་ངན་གྱིས་ འབད་མི་ཚུགས་པ་ཟེར་ཨིན་པས།

གཡུས་མི་ གྲུབ་ཐོབ་དབང་མོ་གིས་ མི་མང་གསང་སྤྱོད་ ལག་ལེན་འཐབ་ཚར་བའི་ཤུལ་ལས་ ཕྱི་ཁར་འཐོན་འོང་པའི་སྐབས་ མོ་གིས་སླབ་མིའི་ནང་ གསང་སྤྱོད་དེ་ ལག་ལེན་འཐབ་བཏུབ་པའི་ གནས་སྟངས་ནང་མིན་འདུག་ཟེར་ཨིན་པས།

གསང་སྤྱོད་ཀྱི་སྒོ་ཚུ་ མེདཔ་བཏང་ཡོད་པའི་ཁར་ གསང་སྤྱོད་དེ་ གཙང་སྦྲ་དང་ལྡནམ་སྦེ་མིན་འདུག་ཟེར་ཨིནམ་ད་ ཆབ་གསང་ནང་ འགྱེལ་ཏ་རྐྱབ་འགྱོ་ནིའི་ ཉེན་ཁ་ཡང་འདུག་ཟེར་ མོ་གིས་བཤདཔ་ཨིན་པས།

ཚོད་བསྲེ་བཙོང་མི་ ཆོས་སྐྱོང་གིས་ སླབ་མིའི་ནང་ ཉིམ་ཤར་བའི་སྐབས་ དྲི་ངན་གྱིས་ འབད་མི་ཚུགས་པས་ཟེར་ཨིནམ་ད་ ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ གསང་སྤྱོད་བདག་འཛིན་འཐབ་མི་ཅིག་ བཙུགས་གནང་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ མི་མང་སྐྱེལ་འདྲེན་ བཱསི་བཞག་སའི་ས་ཁོངས་ནང་ཡོད་མི་ གསང་སྤྱོད་བདག་འཛིན་པ་ལུ་ ཚོད་བསྲེ་བཙོང་སའི་ ཉེ་འདབས་ཀྱི་གསང་སྤྱོད་ཡང་ སྤྱོད་འཐུས་རེ་ལེན་ཏེ་ བདག་འཛིན་འཐབ་པ་ཅིན་ཟེར་ ཁོ་ལུ་སླབ་ཅི་ཟེར་ཨིན་པས།

མཐུན་རྐྱེན་ལེགས་ཤོམ་མེདཔ་ལས་ ཆབ་གསང་ཚུ་ ཚོད་བསྲེ་ཁྲོམ་ཁའི་ སྒྲིང་ཁྱིམ་ཟུར་ཁར་ བཏང་བཞགཔ་མས་ཟེར་ཨིནམ་ད་

ཁྲོམ་ཁར་འོང་མི་ ཡར་སེང་སོང་མི་དེ་གིས་ གསང་སྤྱོད་ཀྱི་གནས་སྟངས་ དེ་སྦེ་ར་ལུས་ནི་མས་ཟེར་ ཚོད་བསྲེ་བཙོང་མི་ ཡེ་ཤེས་རྡོ་རྗེ་གིས་བཤདཔ་ཨིན་པས།

ཚོད་བསྲེ་བཙོང་མི་ཚུ་གིས་འབད་བ་ཅིན་ མི་མང་གསང་སྤྱོད་ལུ་ རྫོང་ཁག་དང་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སྤྱོད་འཐུས་ལག་ལེན་ནིའི་ ལམ་ལུགས་བཟོ་བ་ཅིན་ དྲག་ནི་མས་ཟེར་ཨིནམ་ད་ དེ་བཟུམ་མའི་ ལམ་ལུགས་བཟོ་བ་ཅིན་ སྤྱོད་འཐུས་ཀྱིས་ གསང་སྤྱོད་ཧིང་སངས་ས་སྦེ་ བཞག་ཚུགས་ནི་མས་ཨིན་པས།

ཚོད་བསྲེ་བཙོང་མི་ཅིག་གིས་ སླབ་མིའི་ནང་ གསང་སྤྱོད་ཀྱི་མཐུན་རྐྱེན་ཡོད་རུང་ མི་མང་གིས་ ལག་ལེན་འཐབ་མི་ཤེས་པས་ཟེར་ཨིནམ་ད་ མི་མང་གིས་ མནོ་བསམ་བཏང་ཐངས་དང་ བྱ་སྤྱོད་ཚུ་ཡང་ བསྒྱུར་བཅོས་འབད་དགོཔ་ཁག་ཆེ་བས་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ཁྲོམ་སྡེའི་ཕྱགས་བརྡར་བ་གིས་ གསང་སྤྱོད་ཚུ་ འཕྱག་མི་བཏུབ་པས་ཟེར་ཨིན་པས།

ཚོད་བསྲེ་བཙོང་མི་ཚུ་གིས་ སླབ་མིའི་ནང་ གསང་སྤྱོད་ལེགས་ཤོམ་མེདཔ་ལས་ མང་ཤོས་ཅིག་ ཁྲོམ་ཁར་ངོ་ཤེས་མི་ཚུ་གིས་ གསང་སྤྱོད་ལག་ལེན་འཐབ་དོ་ཟེར་ཨིནམ་ད་ ཨ་རྟག་ར་ ཁོང་གིས་ གསང་སྤྱོད་ལག་ལེན་འཐབ་ནི་དེ་ སྟབས་མི་བདེ་བས་ཟེར་ཨིན་པས།

ཁྲོམ་སྡེའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གསང་སྤྱོད་འཕྱག་ནི་དང་ ཚོད་བསྲེ་ཁྲོམ་ ཧིང་སངས་ས་བཞག་ཐབས་ལུ་ ཕྱག་བརྡར་བ་ལོགས་སུ་སྦེ་ བཞག་སྟེ་ཡོད་ཟེར་ཨིན་པས།

ཁྲོམ་སྡེའི་ཕྱག་བརྡར་བ་ ཟླ་བ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ གསང་སྤྱོད་ནང་ དུས་ཨ་རྟག་ར་ ཆུ་བཙུགས་ཡོད་རུང་ མི་མང་གིས་ རང་གིས་འབད་མི་ ཆབ་གསང་དེ་ར་ བཤལ་མི་བཏུབ་པས་ཟེར་ཨིན་པས།

མོ་གིས་སླབ་མིའི་ནང་ གསང་སྤྱོད་ནང་ ཤིང་དང་རྡོ་ལ་སོགས་པ་ཚུ་ ལག་ལེན་འཐབ་སྟེ་འདུག་ཟེར་ཨིནམ་ད་ ག་དེམ་ཅིག་ གསང་སྤྱོད་འཕྱག་བཞག་རུང་ དེའི་ནངས་པར་ བལྟ་བཏུབ་མེད་པར་ གྱུརཝ་མས་ཟེར་ཨིན་པས།

གསང་སྤྱོད་དེ་ ཨ་རྟག་ར་ ལྟ་རྟོག་འབད་མི་ཚུགས་པས་ཟེར་ ཟླ་བ་ཆོས་སྒྲོན་གྱིས་ བཤད་པའི་ཁར་ ཚོད་བསྲེ་ཁྲོམ་ཁའི་ སྒྲིང་ཁྱིམ་རྒྱབ་ཁར་ མི་ཚུ་གིས་ ཐ་ན་ ཨ་ཝ་ཡང་ བཏང་བཞགཔ་མས་ཟེར་ཨིནམ་ད་ མནོ་བསམ་བཏང་ཐངས་དེ་ ངེས་པར་དུ་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།

ལོ་དག་ཅིག་གི་ཧེ་མར་ མི་མང་སྐྱེལ་འདྲེན་བཱསི་གི་ ས་ཁོངས་ཉེ་འདབས་ལུ་ཡོད་མི་ གསང་སྤྱོད་དེ་ཡང་ སྐྱོ་དྲགས་སྦེ་ཡོད་རུང་ བདག་འཛིན་འཐབ་མི་བཙུགས་པའི་ཁར་ སྤྱོད་འཐུས་ལེན་ནིའི་ལམ་ལུགས་ འགོ་བཙུགས་པའི་ཤུལ་ལུ་ ལེགས་བསྒྱུར་སོང་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *