༉ བཀྲིས་སྒང་ལུ་ ནངས་པ་བཙག་འཐུ་འགོ་འདྲེན་འཐབ་ནིའི་དོན་ལས་ གྲ་སྒྲིག་ཚུད་དེ་ཡོད་མི་དེ་ཡང་ ཚོགས་རྒྱན་འཕྲུལ་ཆས་ཚུ་ བརྟག་དཔྱད་ཐོག་ ཐིའུ་རྐྱབ་ཡོདཔ་མ་ཚད་ ཚོགས་རྒྱན་འགོ་དཔོན་ཚུ་དང་ སྲུང་སྐྱོབ་དམག་མི་ཚུ་ལུ་ གསལ་བཤད་འབད་དེ་ ཚོགས་རྒྱན་ས་ཁོངས་ཚུ་ནང་ བགོ་བཀྲམ་འབད་ཚར་ནུག།
དེ་ཡང་ ཉིན་གྲངས་༢ ཀྱི་རིང་ དྲན་གསོའི་སྦྱོང་བརྡར་ཅིག་ འགོ་འདྲེན་འཐབ་པའི་ཤུལ་ལུ་ ཁ་ཙ་ལས་ཚུར་ རྫོང་ཁག་གིས་ ཚོགས་རྒྱན་ས་ཁོངས་༧༥ ནང་ ཚོགས་རྒྱན་འགོ་དཔོན་༣༧༡ བགོ་བཀྲམ་འབད་ཡོདཔ་ད་ བཀྲིས་སྒང་རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༤༧,༦༡༤ ཡོད་མི་དེ་ རྫོང་ཁག་ཚུ་གི་གྲས་ལས་ གྱངས་ཁ་མཐོ་ཤོས་ཅིག་ཨིན་པས།
ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་འོག་ལུ་ མེ་རག་རྒེད་འོག་ནང་ཚུད་མི་ ཁི་ལི་ཕོ་དང་ ཁ་ཤ་སྟེང་ཚོགས་རྒྱན་ས་ཁོངས་༢ ནང་ ཚོངས་རྒྱན་བཙུགས་མི་༣༦ དང་༤༦ རེ་མ་གཏོགས་མེད་མི་དེ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་ གྱངས་ཁ་ཉུང་ཤོས་ཨིནམ་མ་ཚད་ ས་ཁོངས་དེ་གཉིས་ བསམ་གྲུབ་ལྗོངས་མཁར་ ལའུ་རི་རྒེད་འོག་གི་ སྦོ་ལོགས་ཁར་ཡོདཔ་ལས་ ཚོགས་རྒྱན་ས་ཁོངས་ཐག་རིང་ཤོས་ཅིག་ཨིན་པས།
ས་ཁོངས་༢ ནང་བཏང་མི་ འགོ་དཔོན་ཚུ་ལུ་ དྲན་གསོའི་སྦྱོང་བརྡར་དེ་ སྤྱི་ཟླ་༡༠ པའི་ཚེས་༩ དང་༡༠ ལུ་ བྱིན་ཡོདཔ་ད་ སྡེ་ཙན་དེ་ སྤྱི་ཚེས་༡༣ ལུ་ རང་སོའི་ཚོགས་རྒྱན་ས་ཁོངས་ནང་ སོང་ཡོདཔ་ཨིན་པས།
སྤྱི་འོག་༢ ལས་ ལམ་ཐག་རིང་ཤོས་ཅིག་ཨིན་མི་ ཁི་ལི་ཕོ་དེ་ གཞུང་འབྲེལ་ཐོག་ བཀྲིས་སྒང་ལས་འགྱོཝ་ད་ ཉིན་གྲངས་༥ འགོར་དོ་ཡོད་མི་དེ་ཡང་ འགོ་དཔོན་ཚུ་གིས་ ཇོ་མོ་གཙང་ཁ་རྒེད་འོག་ བརྒལ་ཞིནམ་ལས་ ལའུ་རི་རྒེད་འོག་གི་ ཉེ་འདབས་ས་གནས་ ཇོམ་པ་འཁོར་ལམ་ཚུན་ སྣུམ་འཁོར་ནང་ འགྱོ་བའི་ཤུལ་ལུ་ ཉིན་གྲངས་༢ ལམ་འགྱོ་དགོཔ་མ་ཚད་ ཁ་ཤ་སྟེང་དེ་ བཀྲིས་སྒང་ལས་ ཉིན་གྲངས་༤ ལམ་འགྱོཔ་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ འདེམས་ཁོངས་༥ ཡོདཔ་བཞིན་དུ་ ཚོགས་རྒྱན་ས་ཁོངས་མངམ་ཡོད་མི་ རྫོང་ཁག་ཅིག་ཨིན་རུང་ དུས་ཅི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ཚོགས་རྒྱན་ས་ཁོངས་༨༠ ཡོད་མི་ལས་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དོན་ལུ་ ས་ཁོངས་༧༥ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།
ཁ་ཙ་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་དེ་ ཁ་ཕྱེ་བའི་སྐབས་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་ འདེམས་ངོ་༢ ཆ་ར་ འོང་ཡོདཔ་ཨིན་པས།
བཀྲིས་སྒང་ལུ་སྡོད་མི་ ཀརྨ་ལ་དེ་ བཙག་འཐུའི་བྱ་རིམ་ལུ་ སྤྲོ་བ་བསྐྱེད་ཐོག་ལས་ རྗེས་དཔྱད་འབད་ཡོདཔ་ད་ ཁོ་གིས་ དུས་ཅིའི་ བཙག་འཐུ་དེ་ སྤྲོ་བ་ཅན་དང་ སྔོན་བཤད་འབད་མ་ཚུགསཔ་ཅིག་ཨིན་མས་ཟེར་ བཤདཔ་ཨིན་པས།
རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་དོན་ལས་ སྲིད་ཚོགས་གསརཔ་དང་ རྙིངམ་གཉིས་ཆ་ར་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ སག་ལང་སྟེ་སྡོད་པའི་མཐའ་མར་ ང་བཅས་ཀྱི་ འགན་ཁུར་འབག་ནི་གི་ དུས་ཚོད་ལུ་ ལྷོད་ཅི་ཟེར་ སྐྱེས་ལོ་༧༤ ལང་མི་གིས་ བཤད་པའི་ཁར་ ནངས་པ་ཚོགས་རྒྱན་བཙུགས་ཏེ་ ཁྱད་པར་བཟོ་ནི་ལུ་ སག་ལང་སྟེ་ཡོདཔ་ལས་ ཚོགས་པ་དྲག་ཤོས་དེ་ རྒྱལ་ཁ་འཐོབ་བཅུག་ཟེར་ སྨོན་ལམ་བཏབ་དོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།