༉ བཀྲིས་སྒང་དང་ བཀང་ལུང་བར་ནའི་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་དེ་ ཟླཝ་འདི་ནང་ མཇུག་བསྡུ་བའི་ རེ་བ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ བཀྲིས་སྒང་ལས་ བཀང་ལུང་ཚུན་ སྣུམ་འཁོར་ནང་འགྱོ་བའི་སྐབས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་འགོར་མི་དེ་ ད་ལྟོ་འབད་བའི་བསྒང་ལས་ དུས་ཡུན་སྐར་མ་༣༠ ནང་ ལྷོད་ཚུགསཔ་ཨིན་པས།
ལོ་ངོ་བཅུ་ཕྲག་༡ དེ་ཅིག་གི་ཧེ་མ་ལས་ ཀི་ལོ་མི་ཊར་༢༢ འབད་མི་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་ འགོ་བཙུགས་མི་དེ་ ད་ལྟོ་མཇུག་བསྡུ་རན་ཁར་ ལྷོད་དེ་འདུག།
ན་ཧིང་ སྤྱི་ཟླ་༧ པ་ཚུན་ གཞུང་ལམ་རིང་ཚད་ ཀི་ལོ་མི་ཊར་༢༢ ཡོད་ས་ལས་ ཀི་ལོ་མི་ཊར་༧ རྐྱངམ་གཅིག་གི་ རྩི་ནག་གཏང་ནིའ་ཚུ་ མཇུག་བསྡུ་ཡོདཔ་ཨིན་པས།
ཉིནམ་དག་པ་ཅིག་གི་ཧེ་མར་ བཀྲིས་སྒང་སྤམ་གཡུས་ཚན་ལས་ བཀང་ལུང་ཚུན་ ཀི་ལོ་མི་ཊར་༡༥ ཡོད་ས་ལས་ ཀི་ལོ་མི་ཊར་༡༢ རྒྱ་སྐྱེད་འབད་བ་གིས་མ་ཚད་ རྩི་ནག་ཚུ་ཡང་ བཏང་ཚར་ནུག།
ཟླ་ངོ་༦ གི་ནང་འཁོད་ལུ ལཱ་གི་གྲུབ་འབྲས་ལེགས་ཤོམ་ཐོན་མི་དེ་ལུ་ མི་སེར་ཁོང་ར་ ངལ་རངས་བྱུང་ཡོདཔ་ད་ བཀང་ལུང་ལས་ ཚོང་པ་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ དུས་ཚོད་འགོར་མི་ལུ་ལྟཝ་ད་ གཞུང་ལམ་དེ་ ནམ་ཡང་ རྩི་ནག་གཏང་མི་ཚུགས་ནི་མས་ཟེར་ མནོ་ཡི་ཟེར་ཨིན་པས།
མ་གཞི་ ཟླཝ་༦ གི་ནང་འཁོད་ལུ་ ལམ་གྱི་གྲུབ་འབྲས་དེ་ལུ་བལྟ་བ་ཅིན་ གྲུབ་འབྲས་ལེགས་ཤོམ་ཐོན་མིའི་ གྲས་ཁར་ཨིན་རུང་ ལཱ་དེ་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ མཇུག་བསྡུ་དགོཔ་སྦེ་ཡོད་མི་དེ་ལུ་ ཌཱན་ཊག་ལས་འགུལ་གྱིས་ འབད་མ་ཚུགས་པས།
ཀུན་གསལ་གྱིས་ ཌཱན་ཊག་ལས་འགུལ་དང་གཅིག་ཁར་ ག་དེམ་ཅིག་ འབྲེལ་བ་འཐབ་ནིའི་དཔའ་བཅམ་ཡོད་རུང་ ཌཱན་ཊག་གི་ འགོ་དཔོན་ཚུ་གིས་ ལམ་རྒྱ་སྐྱེད་ཀྱི་ཐད་ཁར་ ག་ཅི་ཡང་ སླབ་མ་བཏུབ།
ལམ་རྩི་ནག་གཏང་ནི་གི་ ཁག་འབག་ཐོབ་མི་ ཊི་ཨེན་ཊི་ཚོང་འབྲེལ་ངོ་ཚབ་ བཀྲིས་རྣམ་རྒྱལ་གྱིས་ སླབ་མའི་ནང་ ལམ་རྩིས་སྤྲོད་འབད་ནི་གི་ དུས་ཚོད་དེ་ སྤྱི་ཟླ་༤ ལུ་ ཕར་འཕུལ་རྐྱབ་ཅི་ཟེར་ཨིན་པས།
ཀི་ལོ་མི་ཊར་༡༥ རྩི་ནག་གཏང་ནི་དེ་ ན་ཧིང་སྤྱི་ཟླ་༡༢ པའི་ནང་ལས་ འགོ་བཙུགས་ཡོདཔ་ད་ མ་གཞི་དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནི་ཨིན་རུང་ གནམ་གཤིས་གནས་སྟངས་ལེགས་ཤོམ་མེད་མི་དེ་གིས་ བདུན་ཕྲག་༢ ཀྱི་རིང་ ལཱ་འབད་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།
དེ་མ་ཚད་ གནད་དོན་གཅིག་ རྒྱ་གར་ཨ་སམ་གྱི་གཞུང་ལམ་བདའ་སྟེ་ འཕྲལ་འཕྲལ་སྦེ་ར་ ངོ་རྒོལ་འགྲེམས་སྟོན་འབད་མི་དེ་གིས་ ཕུན་ཚོགས་གླིང་ལས་ དུས་ཚོད་ཁར་ རྩི་ནག་ལྷོད་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ཏེ་ཡང་ ཨིན་ཟེར་ཨིན་པས།
ཌཱན་ཊག་ལས་འགུལ་གྱིས་ ས་གནས་ནང་ལཱ་འབད་མི་ ལས་བྱེདཔ་ཐེབས་༢༠༠ དེ་ཅིག་བཙུགས་མི་དེ་གིས་ ད་ལྟོ་ ས་གནས་ནང་ ལཱ་འབད་མི་༣༠༠ དེ་ཅིག་ ཡོདཔ་ཨིན་པས།
རྩི་ནག་བཏང་ཚར་ཏེ་ཡོད་མི་ མགྱོགས་ལམ་དེ་ཁར་ སྣུམ་འཁོར་བཏང་མི་ཚུ་གིས་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ཏེ་ བཏང་མི་ཐོན་དོ་ཡོདཔ་ལས་ ཤུགས་ཚད་ལས་བརྒལ་བའི་ དཀའ་ངལ་ཚུ་ཐོནམ་མས་ཟེར་ གླ་འཁོར་དེད་གཡོགཔ་ཅིག་གིས་ སླབ་ཨིན་པས།
སྣུམ་འཁོར་བཏང་མི་ ལ་ལོ་ཅིག་གིས་ རང་ཕྱོགས་ལུ་མེན་པར་ གཞན་གྱི་ལམ་ཕྱོགས་ནང་ལས་ བཏང་མི་ཡང་ཡོདཔ་ལས་ དེ་གིས་ ཐུག་རྐྱེན་གྱི་དཀའ་ངལ་ཚུ་ འོང་སྲིད་ནི་ཨིནམ་ལས་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ བཀག་འཛིན་འབད་དགོཔ་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།