ལས་མི་༣༠༠ དེ་ཅིག་གིས་ གཞུང་ལམ་རྒྱ་བསྐྱེད་ཀྱི་ ལཱ་འབདཝ་ཨིན་པས།

བཀྲིས་སྒང་དང་ བཀང་ལུང་བར་ནའི་གཞུང་ལམ་ སང་ཕོད་སྤྱི་ཟླ་༣ པའི་ནང་ རྒྱ་བསྐྱེད་འབད་ཚར་བའི་རེ་བ།

༉ ཌཱན་ཊག་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ག་དེམ་ཅིག་སྦེ་ ལམ་སེལ་གྱི་ལཱ་ཚུ་ ཁོང་རའི་འཆར་གཞི་དང་འཁྲིལ་ འགྱོ་བཏུབ་པ་ཅིན་ བཀྲིས་སྒང་དང་ བཀང་ལུང་བར་ནའི་ གཞུང་ལམ་ཀི་ལོ་མི་ཊར་༡༥ འབད་མི་དེ་ སང་ཕོད་སྤྱི་ཟླ་༣ པའི་ཚེས་༡༨ ཀྱི་ནང་འཁོད་ལུ་ རྒྱ་བསྐྱེད་འབད་ཚར་འོང་ཟེར་ཨིན་པས།

མ་གཞི་ ཡོངས་བསྡོམས་ཀི་ལོ་མི་ཊར་༢༢ འབད་མི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་དེ་ ལོ་ངོ་བཅུ་ཕྲག་༡ གི་ ཧེ་མ་ལས་ འགོ་བཙུགས་ཡོད་རུང་ ད་ལྟོ་ཚུན་ ཀི་ལོ་མི་ཊར་༧ དེ་ཅིག་མ་གཏོགས་ རྒྱ་བསྐྱེད་འབད་མ་ཚུགས་པས།

གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ཚུ་གིས་ཡང་ ལཱ་གི་གྲུབ་འབྲས་ལུ་ ཉོགས་བཤད་བཀོད་དོ་ཡོདཔ་ད་ བཀང་ལུང་རྒཔོ་ ཀུན་བཟང་རྡོ་རྗེ་གིས་འབད་བ་ཅིན་ ཌཱན་ཊག་གི་ ལཱ་གི་གྲུབ་འབྲས་ སྐྱོ་དྲགས་འབད་མི་དེ་ བགོད་བྲ་སི་སི་དང་ མནོ་བསམ་ར་ བཏང་མ་ཚུགསཔ་ཅིག་ ཨིན་མས་ཟེར་ཨིན་པས།

རྒཔོ་གིས་འབད་བ་ཅིན་ ད་རེས་ ལཱ་གི་གྲུབ་འབྲས་ སྐྱོ་དྲགས་འབད་མི་གིས་མ་ཚད་ ཧེ་མ་དང་ཕྱདཔ་ད་ བཀང་ལུང་དང་ བཀྲིས་སྒང་བར་ནའི་ འགྲུལ་བསྐྱོད་ཀྱི་དུས་ཡུན་ཡང་ ཡར་སེང་སོང་སྟེ་ ཡོད་ཟེར་ཨིན་པས།

གནམ་བྱཱར་གྱི་སྐབས་ ཧེང་སྐལ་ར་ གནས་སྟངས་སྐྱོ་དྲགས་དང་ ཉེན་ཁ་ཅན་ཅིག་ལུ་ གྱུར་དོ་ཡོདཔ་ད་ ད་རེས་ཁམས་ གླ་འཁོར་དེད་གཡོགཔ་ ཀརྨ་བཀྲིས་དེ་ གཞུང་ལམ་དེ་བརྒྱུད་དེ་ འགྲོ་འགྲུལ་འབདཝ་ད་ རྡོ་རྦོབ་རིལ་འོང་མི་གིས་ གསད་ནི་ར་ འབད་ཡོདཔ་ཨིན་པས།

བཀང་ལུང་ལུ་ སྡོད་མི་ཅིག་གིས་ སླབ་མིའི་ནང་ མི་སེར་གྱི་ཞབས་ཏོག་ལྟེ་བ་ མང་ཤོས་ཅིག་ བཀྲིས་སྒང་ལུ་འབདཝ་ལས་ འཕྲལ་འཕྲལ་སྦེ་ར་ རྫོང་ཁག་ནང་ འགྱོ་དགོཔ་ཐོན་དོ་ཡོདཔ་ལས་ དུས་ཡུན་རིང་སུ་སྦེ་ འགོར་དོ་ཡོདཔ་མ་ཚད་ སྣུམ་འཁོར་ཚུ་ཡང་ མེདཔ་ཐལཝ་མས་ཟེར་ཨིན་པས།

བཀང་ལུང་ལུ་ཡོད་པའི་ ཌཱན་ཊག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཞུང་ལམ་རྒྱ་བསྐྱེད་ཀྱི་ གྲུབ་འབྲས་དེ་ ལེགས་ཤོམ་ཐོན་དོ་ཟེར་ཨིནམ་ད་ ཁོང་རའི་ཞག་དུས་དང་འཁྲིལ་ སང་ཕོད་སྤྱི་ཟླ་༣ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ཨིན་རུང་ ཌཱན་ཊག་གི་ འགོ་དཔོན་ཚུ་གིས་ གྲུབ་འབྲས་དེ་ ག་ཅི་སྦེ་ སྐྱོ་དྲགས་སྦེ་ ལུས་ཡོདཔ་ཨིན་ནའི་སྐོར་ལས་ སླབ་ནི་མིན་འདུག།

འགོ་དཔོན་དེ་གིས་ སླབ་མིའི་ནང་ བཀང་ལུང་ལུ་ཡོད་པའི་ ཁོང་གི་ཡིག་ཚང་དེ་ལུ་ རྩི་ནག་གཏང་ནིའི་འཕྲུལ་ཆས་ཚུ་ མེད་ནི་དེ་གིས་ ཀི་ལོ་མི་ཊར་༡༥ འི་ནང་ རྩི་ནག་གཏང་ནིའི་ལཱ་དེ་ ཨ་རུ་ན་ཅཱལ་ པར་དེཤི་ལུ་ཡོད་པའི་ རྒྱ་གར་གྱི་ ཁག་འབགཔ་ཅིག་ལུ་ སྤྲོད་ཡི་ཟེར་ཨིན་པས།

འགོ་དཔོན་དེ་གིས་ བཤད་མིའི་ནང་ ལཱ་གི་གྲུབ་འབྲས་སྐྱོ་དྲགས་སྦེ་ ལུས་དགོ་མི་དེ་ཡང་ ཁག་འབགཔ་དེ་ བསམ་གྲུབ་ལྗོངས་མཁར་གྱི་ ཕྱི་མི་ནང་སྐྱོད་ཡིག་ཚང་གིས་ བཟུང་མི་ལུ་བརྟེན་ གྲུབ་འབྲས་བཏོན་མ་ཚུགས་རུང་ ད་ལྟོ་ ཀི་ལོ་མི་ཊར་༣ དེ་ཅིག་ནང་ རྩི་ནག་བཏང་རན་ཏེ་ ཡོད་ཟེར་ཨིན་པས།

རྒཔོ་ཀུན་བཟང་རྡོ་རྗེ་གིས་ འབད་བ་ཅིན་ ལམ་རྒྱ་བསྐྱེད་ལུ་བརྟེན་ ས་གནས་ཀྱི་ ཞིང་ཆུའི་ཆུ་གཡུར་ཡང་ ལེ་ཤ་ཅིག་ར་ མེདཔ་བཏང་ཡོདཔ་ཨིན་རུང་ ཌཱན་ཊག་གིས་ ཁ་བཟེད་མ་བཏུབ་མི་ལུ་བརྟེན་ ཉམས་བཅོས་ཚུ་ཡང་ རྒེད་འོག་གིས་ འབད་ཡི་ཟེར་ཨིན་པས།

ད་རེས་ ས་ཁོངས་དེ་ནང་ ཌཱན་ཊག་གིས་ ལས་བྱེདཔ་༣༠༠ དེ་ཅིག་བཙུགས་ཏེ་ ལཱ་འབད་དོ་ཡོད་མིའི་གྲས་ལས་༢༠༠ དེ་ཅིག་ ད་རེས་ཁམས་ཅིག་ཁར་ བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *