བཀྲིས་སྒང་ཁྲོམ་ཁར་ གཞི་བཙུགས་འབད་མི་ ཆུ་ལེགས་བཅོས་འཕྲུལ་ཁང་།

བཀྲིས་སྒང་ཁྲོམ་ནང་སྡོད་མི་ཚུ་གིས་ གཙང་སྦྲ་དང་ལྡན་པའི་འཐུང་ཆུ་ སྤྱོད་ནིའི་གོ་སྐབས་ཐོབ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ བཀྲིས་སྒང་ཁྲོམ་ཁར་ ཆུ་ལེགས་བཅོས་འཕྲུལ་ཁང་ གཞི་བཙུགས་འབད་མི་ལུ་བརྟེན་ ས་གནས་ཀྱི་ མི་སེར་ཚུ་གིས་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་སྤྱོད་ནིའི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
མ་གཞི་ ཉིན་བསྟར་བཞིན་དུ་ ཆུ་ལི་ཊར་ས་ཡ་༢.༤ ཐོན་སྐྱེད་འབད་ཚུགས་པའི་ འཕྲུལ་ཁང་དེ་ མེལ་ཕེ་ལུ་སྦེ་ འདས་པའི་རྩིས་ལོ་ནང་ གཞི་བཙུགས་འབད་ཚར་རུང་ དུས་ཅི་ སྤྱི་ཟླ་༩ པའི་ཚེས་༢༦ ལུ་རྐྱངམ་གཅིག གཞུང་འབྲེལ་ཐོག་ལས་ འགོ་འབྱེད་འབད་ནུག།
ཆུ་ལེགས་བཅོས་འཕྲུལ་ཁང་ནང་ ཆུ་བཙག་ནིའི་ ཆུ་མཛོད་༤ ཡོད་མི་དེ་གིས་ ཆུ་ཚོད་༡ གི་ནང་འཁོད་ལུ་ ཆུ་ལི་ཊར་༡༠༠,༠༠༠ དེ་ཅིག་ བཙག་དོ་ཡོདཔ་ད་ ལི་ཊར་༢༥༠,༠༠༠ ཤོང་ཚུགས་པའི་ ཆུ་ལེགས་བཅོས་འཕྲུལ་ཁང་དེ་ནང་ རང་ཤི་མཁར་དང་ ཕོཔ་ལ་ཆུ་རྐ་ལས་ འཐེན་དོ་ཡོདཔ་ཨིན་པས།
རྫོང་ཁག་ཁྲོམ་སྡེ་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆུ་ལེགས་བཅོས་ཁང་ནང་ བྱེམ་བཙག་མི་འཕྲུལ་ཆས་དེ་ རྒྱལ་ཁབ་ནང་ མོ་བཏབ་ལས་འགུལ་བཟུམ་ཅིག་སྦེ་ སྤྱི་ལོ་༡༩༨༠ ལུ་ གཞི་བཙུགས་འབད་ཡོད་རུང་ མི་ཚུ་ལུ་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་ བཀྲམ་སྤེལ་འབད་མ་ཚུགསཔ་ལས་ མཐར་འཁྱོལ་འབྱུང་མ་ཚུགས་ཟེར་ཨིན་པས།
གནམ་བྱཱར་གྱི་སྐབས་ འཐུང་ཆུའི་སྤུས་ཚད་དེ་ སྐྱོ་དྲགས་ཐལ་དོ་ཡོདཔ་ད་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཞབས་ཏོག་ལྷན་ཁག་གི་ ཆུ་དང་གཙང་སྦྲའི་སྡེ་ཚན་གྱི་ མཁས་མཆོག་ཚུ་གིས་ རྒྱབ་སྣོན་འབད་མི་དང་འཁྲིལ་ཏེ་ ཡིག་ཚང་དེ་གིས་ རྫོང་ཁག་ནང་ ཆུ་ལེགས་བཅོས་ཁང་དེ་ གཞི་བཙུགས་འབད་ནི་ལུ་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
དེ་བཟུམ་མའི་ འཐུང་ཆུའི་འཕྲུལ་ཁང་དེ་ ད་ལྟོ་ དབང་འདུས་དང་ ཀྲོང་གསར་ལུ་ཡང་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།
བཀྲིས་སྒང་གི་ ཟ་ཁང་བཙུགས་སྡོད་མ་ཅིག་གིས་ སླབ་མིའི་ནང་ འཕྲུལ་ཁང་དེ་ གཞི་བཙུགས་འབད་མི་ལས་ཚུར་ འཐུང་ཆུའི་སྤུས་ཚད་ རྒྱ་ཆེ་དྲགས་སྦེ་ར་ ཡར་དྲག་སོང་ཡི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ འཐུང་ཆུ་ཚུ་ གྱིབ་རྡོབ་ནང་ བཟེད་ཐོག་ལས་ བཙག་བཅུག་ནི་ལུ་ དུས་ཚོད་འགོར་དོ་ཡོད་རུང་ ད་རེས་ནངས་པར་ འཐུང་ཆུ་ཚུ་ ཐད་ཀར་དུ་ ཀ་ལི་ནང་ལས་བཟེད་དེ་ ལག་ལེན་འཐབ་བཏུབ་པས་ཟེར་ཨིན་པས།
ཆུ་ལེགས་བཅོས་འཕྲུལ་ཁང་དེ་གིས་ བཀྲིས་སྒང་ཁྲོམ་དང་ མེལ་ཕེ་གི་ ས་ཁོངས་ནང་ཡོད་པའི་ ཁྱིམ་གུང་པ་༣༩༠ ལུ་ ཕན་ཐོགས་བྱུང་ཡོདཔ་ད་ ཆུ་ལེགས་བཅོས་འཕྲུལ་ཁང་དེ་ སང་སེལ་ཨི་ཀོ་ཚོང་དང་ མཐའ་འཁོར་ཞབས་ཏོག་གིས་ དངུལ་ཀྲམ་ས་ཡ་༢༨.༦༣༩ ཟད་འགྲོ་བཏང་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
འཕྲུལ་ཁང་དེ་ནང་ ཟླཝ་༦ གི་ཤུལ་ལས་ ཁྲོམ་སྡེའི་ལས་བྱེདཔ་ཚུ་ ཆུ་ལག་ལེན་དང་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ སྦྱོང་བརྡར་བྱིན་ནིའི་དོན་ལུ་ཡང་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *