༉ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ གཟུགས་ཁར་ཉམས་ཡོད་མི་ ཨ་ལོ་ཅིག་གིས་ ཁྲོམ་ཁར་ གཞི་བཙུགས་འབད་མི་ ལུས་སྦྱོང་མཐུན་རྐྱེན་ས་ཁོངས་ནང་ འགྱོཝ་ཨིན་པས།
སྐྱེས་ལོ་༡༠ འབད་མི་ དངོས་གྲུབ་རྒྱ་མཚོ་གིས་ ས་ཁོངས་ནང་ ལྷོད་པའི་ཤུལ་ལུ་ ལུས་སྦྱོང་འབད་སའི་ མཐུན་རྐྱེན་གྱི་ ཅ་ཆས་ཅིག་གུ་ འཛེགས་ཐོག་ལས་ དེ་གི་འོག་ལུ་ཡོད་པའི་ བཀྲིས་སྒང་ཁྲོམ་ཁར་ ལྟ་ཡི་ར་ ལུས་སྦྱོང་འབདཝ་ཨིན་པས།
དངོས་གྲུབ་རྒྱ་མཚོ་གི་ གཟུགས་ཀྱི་ལྗིད་ཚད་ ཀེ་ཇི་༤༠ ཡོདཔ་ད་ ཁོ་ར་ བཀྲིས་སྒང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༦ པའི་ནང་ དཔེ་ཆ་ལྷབ་ཨིན་པས།
ཁོ་གིས་ ད་རེས་ཁམས་ གཞི་བཙུགས་འབད་མི་ ཁྲོམ་སྡེའི་ལུས་སྦྱོང་ས་ཁོངས་ནང་ འོང་ནི་དེ་ ཐེངས་༥ པ་ཨིནམ་ད་ གཟུགས་ཀྱི་ལྗིད་ཚད་ མར་ཕབ་འབད་ནི་ལུ་ ཤུགས་བཏོན་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལས་ཕར་ ཟླ་ངོ་༡ གི་ནང་འཁོད་ལུ་ གཟུགས་ཀྱི་ལྗིད་ཚད་ ཀེ་ཇི་༡༠ མར་ཕབ་འབད་ནི་ལུ་ རྩ་འགེངས་དོ་ཟེར་ཨིནམ་ད་ དེ་ཡང་ ཁོ་ར་ སློབ་གྲྭའི་ གནམ་བྱཱར་གྱི་ངལ་གསོ་ མཇུག་བསྡུ་བའི་ཤུལ་ལས་ དུས་ཚོད་མི་འཐོབ་ནིའི་ ཚ་གྱང་ཡོད་ནི་དེ་གིས་ཨིན་པས།
ཨིན་རུང་ ཁོ་གིས་ དུས་ཚོད་བཏོན་ཏེ་ར་ ལུས་སྦྱོང་འཕྲོ་མཐུད་འབད་ནིའི་ མནོ་བསམ་ཡོད་ཟེར་ཨིན་པས།
ད་ལས་ཕར་ ཁོ་གིས་ བཟའ་འཐུང་གི་རིགས་ཚུ་ཡང་ གདམ་ཁ་རྐྱབ་ཐོག་ལས་ བཟའ་ནི་ཨིནམ་བཞིན་དུ་ ཉིན་བསྟར་བཞིན་དུ་ ས་ཁོངས་དེ་ནང་ དུས་ཡུན་ཆུ་ཚོད་རེ་ ལུས་སྦྱོང་འབད་མི་དེ་གིས་ ཁོ་ལུ་ ཕན་ཐོགས་འབྱུང་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
ལུས་སྦྱོང་མཐུན་རྐྱེན་དེ་ཡང་ སྨན་ཁང་ནང་འགྱོ་སའི་ ལམ་གྱི་འོག་ལུ་ཨིནམ་ད་ བཀྲིས་སྒང་ལུ་ སྡོད་མི་ཚུ་གི་དོན་ལུ་ དུས་ཐེབས་སྐབས་ལུ་ འཁྱམས་སྡོད་སའི་ ས་ཁོངས་གསརཔ་ཅིག་ཨིན་པས།
དངོས་གྲུབ་རྒྱ་མཚོ་བཟུམ་སྦེ་ ཀརྨ་དབང་ཕྱུག་གིས་ཡང་ ལུས་སྦྱོང་ས་ཁོངས་དེ་ནང་ ཨ་རྟག་ར་ འོང་དོ་ཡོདཔ་ད་ དེ་གིས་ ཁོ་ར་བཟུམ་མའི་ ཡིག་ཚང་ནང་ འགྱོ་མི་ཚུ་ལུ་ ལུས་སྦྱོང་འབད་ནི་ལུ་ ཕན་ཐོགས་སྦོམ་འདུག་ཟེར་ཨིན་པས།
བཀྲིས་སྒང་ཁྲོམ་སྡེའི་འཐུས་མི་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ དེ་བཟུམ་མའི་ མཐུན་རྐྱེན་ཚུ་ རྫོང་ཁག་གཞན་ག་རའི་ནང་ ཧེ་མ་ལས་ གཞི་བཙུགས་འབད་ཚར་ཡོདཔ་ལས་ བཀྲིས་སྒང་ཁྲོམ་གྱི་ མི་སེར་ཚུ་གིས་ ཡུན་རིངམོ་སྦེ་ར་ བསྒུགས་སྡོད་ཡི་ཟེར་ཨིན་པས།
དེ་དང་འཁྲིལ་ ད་རེས་ མི་སེར་ཚུ་ སེམས་དགའཝ་མ་ཚད་ ཕན་ཐོགས་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
བཀྲིས་སྒང་ཁྲོམ་སྡེའི་དོན་ལུ་ ཨ་ལུའི་གླིང་ག་དེ་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་བཞིན་དུ་ ལུས་སྦྱོང་ས་ཁོངས་ནང་འོང་མི་ མང་ཤོས་ཅིག་ར་ ཨ་ལུ་ཚུ་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཉི་མ་དབང་འདུས།