བཟོ་རིག་བཅུ་གསུམ་ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ཚུ།

བཀྲིས་གཡང་རྩེའི་ འདེམས་ཁོངས་༢ ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ།

༉ བཀྲིས་གཡང་རྩེ་རྫོང་ཁག་གི་ འདེམས་ཁོངས་༢ ནང་ མི་སེར་མང་ཤོས་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ནུག།

འབུམ་སྡེ་གླིང་འཇམ་མཁར་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་བསྡོམས་༩,༢༡༢ ཡོད་ས་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་༢,༧༠༡ བཙུགས་ནུག།

དེ་གི་ཤུལ་ལས་ར་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་༡,༥༦༧ དང་ འབྲུག་མཉམ་རོགས་ཚོགས་པ་ལུ་ ཚོགས་རྒྱན་༡,༤༧༡ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་ལུ་ ཚོགས་རྒྱན་༤༠༢ བཙུགས་ནུག།

དེ་བཟུམ་སྦེ་ ཁམས་དྭངས་རམ་འཇར་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་བསྡོམས་༩,༡༧༦ ཡོད་མིའི་གྲས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་༢,༧༤༢ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ར་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡,༧༧༠ མི་སེར་དམངས་གཙོ་ཚོགས་པ་གིས་༡,༢༤༢ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༤༡༨ ཐོབ་ཡོདཔ་ཨིན་པས།

བཀྲིས་གཡང་རྩེ་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཧེ་མའི་ ངོས་འཛིན་འདྲ་པར་དཀརཔོ་ ལག་ལེན་འཐབ་ཡོད་པའི་དཀའ་ངལ་ རེ་གཉིས་ཐོན་ཡོད་རུང་ བཙག་འཐུའི་ཐད་ཁར་ མཐར་འཁྱོལ་ཅན་ཅིག་སྦེ་ མཇུག་བསྡུ་ཡི།

ཁམས་དྭངས་རམ་འཇར་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཀུན་དགའ་བློ་གྲོས་ཀྱིས་ སླབ་མིའི་ནང་ ཁོ་རའི་འདེམས་ཁོངས་ནང་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་དེ་ཡང་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་དང་ ལྟ་བ་དང་གཞི་རྩ་ལུ་ གཞི་བཞག་སྟེ་ ཚོགས་རྒྱན་བཙུགས་ནུག་ཟེར་ཨིནམ་ད་ གྲུབ་འབྲས་ལེགས་ཤོམ་འཐོན་འོང་ཟེར་ མནོ་བསམ་ར་ མ་བཏང་ཟེར་བཤད་ཅི།

འབུམ་སྡེ་གླིང་འཇམ་ཁར་འདེམས་ཁོངས་ཀྱི་ འབྲུག་ཀུན་མཉམ་ཚོགས་པའི་ འདེམས་ངོ་ཚེ་དབང་བསྟན་འཛིན་གྱིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་ཉུང་སུ་ཐོབ་མི་དེ་ ཚོགས་པ་གི་ཁ་ཐུག་ལས་ མི་སེར་ཚུ་ལུ་ མགུ་སྐོར་དང་ ནང་གསུག་ ངན་ལྷད་ཀྱི་ལཱ་ཚུ་ མ་འབད་མི་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས།།

ཁོ་གིས་འབད་བ་ཅིན་ ཚོགས་པ་གིས་ མི་སེར་ཚུ་ལུ་ ནང་གསུག་དང་ ངན་ལྷད་ཀྱི་ལཱ་མ་འབད་བར་སྡོད་མི་ སྲིད་ཚོགས་དེ་གིས་ འབྲུག་རྒྱལ་ཁབ་ནང་ ལོ་བརྒྱ་གི་ཤུལ་ལས་ཡང་ གཞུང་སྐྱོང་ནིའི་གོ་སྐབས་མི་འཐོབ་ནི་མས་ཟེར་ བཤད་པའི་ཁར་ ད་རེས་འབྲུག་ཀུན་མཉམ་ཚོགས་པ་དེ་ ཕམ་སོཔ་མེན་པར་ སྲིད་ཚོགས་དེ་ ངན་ལྷད་མགུ་སྐོར་མེད་པར་ བཅའ་མར་གཏོགས་ཏེ་ རྒྱལ་ཁ་ཐོབ་དོ་བཟུམ་ཅིག་ ཨིན་ཟེར་བཤད་ཅི།

ཁམས་དྭངས་རམ་འཇར་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སྐལ་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ ཚོགས་པ་༤ ལས་༢ གདམ་ཁ་རྐྱབ་མི་དེ་ མི་སེར་ཚུ་གི་ གདམ་ཁ་ཨིནམ་ལས་ ཚོགས་པ་གདམ་ཁ་གྲུབ་མི་༢ ལུ་ བཀྲིས་བདེ་ལེགས་ཡོད་ཟེར་ཨིནམ་ད་ ཚོགས་པ་༢ ཀྱིས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ ཕྱག་ཞུ་འོང་མནོ་བའི་རེ་བ་ཡོད་ཟེར་ ཨིན་པས།

བཀྲིས་གཡང་རྩེ་ལུ་ འདེམས་ཁོངས་༢ ནང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༣༨ ཡོད་མི་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༡༨,༣༨༨ ཡོད་མི་ལས་༩,༢༩༩ བཙུགས་ཡོད་མི་དེ་གིས་ ཚོགས་རྒྱན་བཙུགས་མི་བརྒྱ་ཆ་༥༠.༥༧ ཐོན་ཡོད་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ གནས་བརྟན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *