བཀྲིས་གཡང་རྩེའི་ མི་སེར་ཚུ་ ཚོགས་རྒྱན་གྱི་ཉིནམ་ལུ་ སྒུག་སྟེ་ཡོདཔ།

༉ བཀྲིས་གཡང་རྩེ་རྫོང་ཁག་ འབུམ་སྡེ་གླིང་- འཇམ་མཁར་གྱི་ མི་སེར་ཚུ་ སྤྱི་ཟླ་༩ པའི་ཚེས་༡༥ ལུ་ འགོ་ཐོག་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལས་ སག་ལང་སྟེ་སྡོད་ནུག།

དེ་ཡང་ རྫོང་ཁག་དེ་གི་ འདེམས་ཁོངས་གཉིས་ཆ་རའི་ནང་ སྤྱིར་སྙོམས་འཛོམས་འདུ་ཚུ་ མཇུག་བསྡུ་ཡོདཔ་ལས་ འདེམས་ངོ་ཚུ་གིས་ སྒོ་བཤལ་རྐྱབ་སྟེ་ སྐུལ་བསྒྲགས་འབད་བའི་བསྒང་ཡོད་རུང་ འདེམས་ཁོངས་དེ་གི་ མི་སེར་ཚུ་གིས་ སྲིད་དོན་ཚོགས་པ་ག་དང་ག་ལུ་ར་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ནང་ན་ལས་ ཐག་བཅད་དེ་ཡོདཔ་ཨིན་པས།

སྒང་ཁ་གཡུས་ཚན་ལས་ ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ མི་སེར་ཚུ་གིས་ རང་གི་ཚོགས་པ་དང་ གཞན་གྱི་ཚོགས་པ་ཟེར་ ཕྱོགས་བཟུང་སྟེ་ ཆགས་སྡང་ཕྱོགས་རིས་འབད་ནི་མེདཔ༌ལས༌ ཚོགས་པ་ག་དྲག་ནི་ཨིན་ན་ ཁས་བླངས་གསལ་བསྒྲགས་ག་ཅི་བཟུམ་ཡོདཔ་ཨིན་ན་ ཧ་གོ་སྟེ་འདུག་ཟེར་ཨིན༌པས།

སྲིད་དོན་ཚོགས་པ་ག་དང་ག་ར་ འགོ་ཐོག་བཙག་འཐུ་ནང་ལས་ མཐར་འཁྱོལ་ནི་བཟུམ་ཡོདཔ་ཨིན་ན་ མི་ཚུ་ལས་ སླབ་ནི་མེད་རུང་ སྐྱེས་ལོ་༤༡ ལང་མི་ ཀརྨ་སྒྲོལ་མ་གིས་འབད་བ་ཅིན་ ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ མི་སེར་ཚུ་ལུ་ ནང་གསུག་བྱིན་ཏེ༌ རྒྱུད་བསྐུལ་མ་འབད་བ་ཅིན་ མི་སེར་ལུ་ ཕན་ཐོགས་ཚུགས་པའི་ ཚོགས་པ་དང་ ཁོང་གིས༌མནོ་མི་ འདེམས་ངོ་དེ་ འཐོབ་ཚུགས་ནི་མས་ཟེར་ཨིན་པས།

ཨིན་རུང་ སྤྱིར་སྙོམས་འཛོམས་འདུ་ནང་ བཅའ་མར་གཏོགས་མི་ ལ་ལོ་ཅིག་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་སོ་སོའི་ འདེམས་ངོ་ཚུ་གིས་ འོས་འབབ་མེད་པའི་ ཁས་བླངས་གསལ་བསྒྲགས་ ལེ་ཤ་འབད་དེ་ཡོདཔ་ལས་ དེ་ཚུ་ ག་དེ་སྦེ་ འགྲུབ་ཚུགས་འོང་ག་ དོགས་པ་སྦོམ་ཡོད་ཟེར་ཨིན་པས།

ཚོང་པ་མཆོད་རྟེན་ཚེ་རིང་གི་དོན་ལུ་ དགོས་མཁོ་ཆེ་ཤོས་ར་ སོ་ནམ་ཞིང་ལམ་ཨིནམ་ལས་ ཚོགས་པ་ག་བཙག་འཐུ་གྲུབ་རུང་ ད་ལྟོ་ འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་མེད་མིའི་ དཀའ་ངལ་སེལ་ནིའི་ རེ་བ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།

སྲིད་དོན་ཚོགས་པ་༤ གི་འདེམས་ངོ་ཚུ་གིས་ མཁོ་ལོང་ཆུ་གློག་མེ་ལས་འགུལ་དེ་ གང་མགྱོགས་སྦེ་ བསྒྲུབ་ཐབས་འབད་ནི་དང་ བཀྲིས་གཡང་རྩེ་རྫོང་ཁག་ནང་ ལྟ་བཤལ་ཡར་རྒྱས་གཏང་ནི་གི་ ཁས་བླངས་འབདཝ་ཨིན་པས།

སྤྱིར་སྙོམས་འཛོམས་འདུ་ནང་ བཅའ་མར་གཏོགས་མི་ ཚོང་པ་མགོན་པོ་བསྟན་འཛིན་གྱིས་ སླབ་མིའི་ནང་ ཚོགས་པ་༤ གི་ འདེམས་ངོ་ཚུ་གིས་ གནད་དོན་ག་ཅི་འབད་རུང་ བསྟུན་གྲོས་སྦུག་ལུ་བཙུགས་ཏེ་ འཆམ་ཏོག་ཏོ་སྦེ་ རྩོད་འགྲན་འབད་ཡོདཔ་ལས་ སྲིད་ཚོགས་གཞན་ཚུ་ལུ་ མིག་དཔེ་བཏུབ་ནི་མས་ཟེར་ཨིན་པས།

འདེམས་ཁོངས་གཞན་གྱི་ འདེམས་ངོ་ཚུ་གི་ཐད་ལུ་ གཅིག་གིས་གཅིག་ལུ་ ངལ་མ་རངསམ་དང་ དམའ་ཕབ་རྐྱབ་སྟེ་ རྩོད་འགྲན་འབད་སར་ མཐོང་གསལ་བྱུང་ཡི་ཟེར་ མགོན་པོ་བསྟན་འཛིན་གྱིས་ བཤདཔ་ཨིན་པའི༌གནས༌ཚུལ།

བཀྲིས་གཡང་རྩེ་ལས་ གནས་བརྟན་རྡོ་རྗེ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *