བཀྲིས་གཡང་རྩེ་ རིག་གནས་མཐོ་རིམ་སློབ་གྲྭ་ ཆ་མེད་སོང་མི་དེ་ གཞུང་འཐུས་ཤོར་བའི་བརྡ་མཚོན།

༉ བཀྲིས་གཡང་རྩེ་ བཟོ་རིག་༡༣ སྦྱོང་བརྡར་སྤེལ་ཁང་ནང་ རིག་གནས་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་མི་དེ་ ཆ་མེད་སོང་མི་དེ་ཡང་ གཞུང་གིས་ ཁས་བླངས་གསལ་བསྒྲགས་འགྲུབ་མ་ཚུགས་པར་ འཐུས་ཤོར་བྱུང་བའི་ བརྡ་མཚོན་ཨིན་ཟེར་ ལྡོག་ཕྱོགས་ཚོགས་པ་གིས་ སླབ་ཡོདཔ་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ མཐོ་རིམ་སློབ་གྲྭ་ ཆ་མེད་སོང་མི་དེ་ འཆར་གཞི་ལེགས་ཤོམ་སྦེ་ མ་བརྩམ་པའི་ཁར་ ཁས་བླངས་གསལ་བསྒྲགས་ གཏན་འཁེལ་མེད་པའི་ རྟགས་མཚན་ཨིན་ཟེར་ཨིནམ་ད་ རིག་གནས་མཐོ་རིམ་སློབ་གྲྭ་དེ་ ད་རེས་ གཞུང་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ མཐོ་རིམ་སློབ་གྲྭ་༣ གཞི་བཙུགས་འབད་ནི་སྦེ་ ཁས་བླངས་འབད་མིའི་གྲངས་སུ་ གཅིག་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ མཐོ་རིམ་སློབ་གྲྭ་ ཆ་མེད་སོང་མི་དེ་ལུ་ སྐྱོ་སྣང་ལང་དགོ་པའི་གཞི་ཅིག་དང་ རྒྱལ་ཡོངས་ཀྱི་དོན་ལུ་ བློ་ཕམ་འབྱུང་དགོ་པའི་ གཞི་གནད་ཅིག་ཨིན་མས་ཟེར་ཨིནམ་ད་ མཐོ་རིམ་སློབ་གྲྭ་གཞན་མི་༢ པོ་དེ་ བཀྲིས་སྒང་ཡོན་ཕུ་ལ་དང་ མོང་སྒར་རྒྱལ་པོའི་ཞིང་ཨིནམ་ད་ ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ མཐོ་རིམ་སློབ་གྲྭ་གཞན་མི་༢ ཀྱི་གནས་སྟངས་དེ་ཡང་ ཅོག་འཐད་པས་ཟེར་ཨིན་པས།
ཡོན་ཕུ་ལ་མཐོ་རིམ་སློབ་གྲྭ་དེ་ ཨིང་སྐད་ཀྱི་ གཙུག་ལག་ཤེས་ཡོན་ལྷབ་ནི་སྦེ་ གཞི་བཙུགས་འབད་ཡོདཔ་ད་ དེ་ལས་ རྒྱལ་པོའི་ཞིང་གི་སློབ་གྲྭ་དེ་ བརྡ་དོན་འཕྲིལ་རིག་གི་ མཐོ་རིམ་སློབ་གྲྭ་སྦེ་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་ད་ ལྡོགས་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ ཆོས་ཚན་དང་ མི་སྟོབས་ མ་དངུལ་ གཞི་རྟེན་མཁོ་ཆས་ དེ་ལས་ བདག་སྐྱོང་དང་འཛིན་སྐྱོང་མེད་པའི་ དཀའ་ངལ་སྦོམ་སྦེ་ར་ འདུག་ཟེར་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ ད་ལྟོའི་ གཞུང་གི་གནས་ཡུན་དེ་ མོ་བཏབ་དང་ནོར་བ་བྱུང་བའི་ གཞུང་སྐྱོང་ཨིན་པའི་ཁར་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་ནི་ འགོ་བཙུགས་པའི་སྐབས་ར་ རྒྱལ་ཁབ་ཀྱི་དོན་ལུ་ འཆར་སྣང་དང་དམིགས་གཏད་ དེ་ལས་ ཐབས་ལམ་ལེགས་ཤོམ་ཅིག་ མ་མཐོང་ཟེར་ཨིན་པས།
འཆར་གཞི་དང་དམིགས་གཏད་ ལེགས་ཤོམ་མེད་པའི་ཐོག་ལས་ མཐོ་རིམ་སློབ་གྲྭ་གཞི་བཙུགས་འབད་བའི་སྐབས་ རྒྱལ་ཁབ་ཀྱི་མ་དངུལ་ལེ་ཤ་འཕྲོ་བརླག་སོང་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་དེ་ཡོདཔ་ད་ བཀྲིས་གཡང་རྩེའི་ རིག་གནས་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་དེ་ ལོ་ཕྱེད་མ་ལངམ་ལས་ར་ ལས་གཡོག་ལྷན་ཁག་གིས་ མཐོ་རིམ་སློབ་གྲྭ་དེ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ལས་ སྒོ་བསྡམ་དགོ་པའི་ ཡི་གུ་བཏང་ནུག།
དུས་ཅི་ སྤྱི་ཟླ་༢ པའི་ཚེས་༡༤ ལུ་ ལས་གཡོག་ལྷན་ཁག་གིས་ བཟོ་རིག་༡༣ སྦྱོང་བརྡར་སྤེལ་ཁང་ལུ་ ཡི་གུ་བཏང་མི་དང་འཁྲིལཝ་ད་ ད་རེས་ནངས་པར་ རིག་གནས་མཐོ་རིམ་སློབ་གྲྭ་ནང་ བཟོ་རིག་གི་ ཤེས་ཡོན་ལྷབ་མི་ སློབ་ཕྲུག་ཚུ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ རིག་གནས་ཀྱི་ ཤེས་ཡོན་འཕྲོ་མཐུད་དེ་ ལྷབ་ནིའི་དོན་ལུ་ ཀྲོང་གསར་ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ལུ་ རྩིས་སྤྲོད་འབད་དགོཔ་ཨིན་པས།
དེ་ཡང་ འཛིན་སྐྱོང་དང་ བདག་སྐྱོང་གི་དཀའ་ངལ་ལུ་བརྟེན་ བཟོ་རིག་༡༣ ནང་ རིག་གནས་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནི་དེ་ བཤོལ་བཞག་ནི་ཨིན་རུང་ ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ ས་ཁོངས་དེ་ནང་ བཟོ་རིག་༡༣ མཐོ་རིམ་སློབ་གྲྭ་སྦེ་ གཞི་བཙུགས་འབད་ནི་ལུ་ ལཱ་འབད་ནི་ཨིན་ཟེར་ཨིན་པས།
ད་རེས་ མཐོ་རིམ་སློབ་གྲྭ་ནང་ སློབ་ཕྲུག་བུམོ་༦ དང་ བུཚ་༦ གིས་ བཟོ་རིག་གི་ཤེས་ཡོན་ཚུ་ ལྷབ་སྦྱང་འབད་བའི་བསྒང་ཡོདཔ་ད་ སློབ་ཕྲུག་ཚུ་ རིག་གནས་མཐོ་རིམ་སློབ་གྲྭ་ནང་ གདམ་འཐུ་འབད་བའི་སྐབས་ སློབ་ཕྲུག་ཚུ་ལུ་ ལོ་༡ བཟོ་རིག་བཅུ་གསུམ་གྱི་ སྦྱོང་བརྡར་འབད་བའི་ཤུལ་ལས་ ལོ་༣ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་བཟུམ་སྦེ་ སྐད་ཡིག་དང་ རྩོམ་རིག་གི་སློབ་ཚན་དེ་ ལྷབ་སྦྱང་འབད་དགོཔ་ཨིན་པས།
ལས་གཡོག་ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༢ ལུ་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ལུ་ རིག་གནས་ཀྱི་ སློབ་ཕྲུག་༡༢ པོ་དེ་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ འཛུལ་ཞུགས་འབད་དགོ་པའི་ ཡི་གུ་བཏང་མིའི་ནང་ མཐོ་རིམ་སློབ་གྲྭའི་ འཆར་གཞི་ལག་ལེན་གྱི་ སྙན་ཞུ་འབད་བའི་སྐབས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནི་དེ་ ལས་གཡོག་ལྷན་ཁག་གི་ འགན་ཁུར་མེདཔ་ལས་ མི་སྟོབས་ཀྱི་ རྒྱབ་སྐྱོར་བྱིན་མི་ཚུགས་པས་ཟེར་ སླབ་ཡོདཔ་ཨིན་པས།
ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གསུངས་མིའི་ནང་ མཐོ་རིམ་སློབ་གྲྭ་དེ་ བཟོ་རིག་༡༣ གྱི་མཐོ་རིམ་སློབ་གྲྭ་ལུ་ སྒྱུར་བཅོས་འབད་ཐོག་ལས་ བཟོ་རིག་༡༣ གྱི་ ཆོས་ཚན་ཚུ་ལེགས་ཤོམ་སྦེ་ ལྷབ་སྦྱང་འབད་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ འཆར་གཞི་༡༢ པའི་ནང་ མཐོ་རིམ་སློབ་གྲྭ་༣ ཆ་ར་ ལེགས་ཤོམ་སྦེ་ གཞི་བཙུགས་འབད་དེ་ ལག་ལེན་འཐབ་ཚུགསཔ་བཟོ་ནིའི་ འཆར་གཞི་ཡོདཔ་མ་གཏོགས་ མཐོ་རིམ་སློབ་གྲྭ་དེ་ སྒོ་བསྡམ་ནིའི་ འཆར་གཞི་མེན་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *