བཀྲིས་གཡང་རྩེ་ རིག་གནས་མཐོ་རིམ་སློབ་གྲྭ།

བཀྲིས་གཡང་རྩེ་ རིག་གནས་མཐོ་རིམ་སློབ་གྲྭ་ སྒོ་བསྡམ་དགོཔ་འབྱུང་ནི།

༉ བཀྲིས་གཡང་རྩེ་ བཟོ་རིག་བཅུ་གསུམ་སྦྱོང་བརྡར་སྤེལ་ཁང་ནང་ རིག་གནས་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་དེ་ ལོ་ཕྱེད་མ་ལངམ་ལས་ར་ ལས་གཡོག་ལྷན་ཁག་གིས་ མཐོ་རིམ་སློབ་གྲྭ་དེ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ལས་ སྒོ་བསྡམ་དགོ་པའི་ ཡི་གུ་བཏང་ནུག།
དུས་ཅི་ སྤྱི་ཟླ་༢ པའི་ཚེས་༡༤ ལུ་ ལས་གཡོག་ལྷན་ཁག་གིས་ བཟོ་རིག་བཅུ་གསུམ་སྦྱོང་བརྡར་སྤེལ་ཁང་ལུ་ ཡི་གུ་བཏང་མི་དང་འཁྲིལཝ་ད་ ད་རེས་ནངས་པར་ རིག་གནས་མཐོ་རིམ་སློབ་གྲྭ་ནང་ བཟོ་རིག་གི་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་ཚུ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ རིག་གནས་ཀྱི་ ཤེས་ཡོན་འཕྲོ་མཐུད་དེ་ ལྷབ་སྦྱང་འབད་ནིའི་དོན་ལུ་ ཀྲོང་གསར་ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ལུ་ རྩིས་སྤྲོད་འབད་དགོཔ་ཨིན་པས།
དེ་ཡང་ འཛིན་སྐྱོང་དང་ བདག་སྐྱོང་གི་དཀའ་ངལ་ལུ་བརྟེན་ བཟོ་རིག་བཅུ་གསུམ་ནང་ རིག་གནས་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནི་དེ་ བཤོལ་བཞག་ནི་ཟེར་ཨིན་རུང་ ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ ས་ཁོངས་དེ་ནང་ བཟོ་རིག་བཅུ་གསུམ་མཐོ་རིམ་སློབ་གྲྭ་སྦེ་ གཞི་བཙུགས་འབད་ནི་ལུ་ ལཱ་འབད་ནི་ཨིན་ཟེར་ཨིན་པས།
ད་རེས་ མཐོ་རིམ་སློབ་གྲྭ་ནང་ སློབ་ཕྲུག་བུམོ་༦ དང་ བུཚ་༦ གིས་ བཟོ་རིག་གི་ ཤེས་ཡོན་ཚུ་ ལྷབ་སྦྱང་འབད་བའི་བསྒང་ཡོདཔ་ད་ སློབ་ཕྲུག་ཚུ་ རིག་གནས་མཐོ་རིམ་སློབ་གྲྭ་ནང་ གདམ་འཐུ་འབད་བའི་སྐབས་ སློབ་ཕྲུག་ཚུ་ལུ་ ལོ་༡ བཟོ་རིག་བཅུ་གསུམ་གྱི་ སྦྱོང་བརྡར་འབད་བའི་ཤུལ་ལུ་ ལོ་༣ སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་བཟུམ་སྦེ་ སྐད་ཡིག་དང་ རྩོམ་རིག་གི་སློབ་ཚན་དེ་ ལྷབ་སྦྱང་འབད་དགོཔ་ཨིན་པས།
ལས་གཡོག་ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༢ ལུ་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ལུ་ རིག་གནས་ཀྱི་ སློབ་ཕྲུག་༡༢ པོ་དེ་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ འཛུལ་ཞུགས་འབད་དགོ་པའི་ ཡི་གུ་བཏང་མིའི་ནང་ མཐོ་རིམ་སློབ་གྲྭའི་ འཆར་གཞི་ལག་ལེན་གྱི་ སྙན་ཞུ་འབད་བའི་སྐབས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནི་དེ་ ལས་གཡོག་ལྷན་ཁག་གིས་ འགན་ཁུར་མེདཔ་ལས་ མི་སྟོབས་ཀྱི་ རྒྱབ་སྐྱོར་བྱིན་མི་ཚུགས་པས་ཟེར་ སླབ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ ལྷན་ཁག་གིས་ མཐོ་རིམ་སློབ་གྲྭའི་ གདོང་ལེན་ཚུ་ གཞུང་གི་བཀའ་རྒྱའི་དོན་ལུ་ ཕུལ་ཡོདཔ་བཞིན་དུ་ རིག་གནས་མཐོ་རིམ་སློབ་གྲྭ་དེ་ བཟོ་རིག་བཅུ་གསུམ་མཐོ་རིམ་སློབ་གྲྭ་ལུ་ བསྒྱུར་བཅོས་འབད་དགོ་པའི་ གྲོས་འཆར་ཅིག་ཡང་ བཙུགས་ཡོདཔ་ཨིན་པས།
ཡི་གུ་ནང་ ལྷན་ཁག་གིས་ གྲོས་འཆར་བཙུགས་མི་དེ་ གཞུང་གིས་ ཆ་འཇོག་འབད་ཡོདཔ་བཞིན་དུ་ སློབ་ཕྲུག་༡༢ པོ་དེ་ཡང་ སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ འཛུལ་ཞུགས་ཀྱི་དོན་ལུ་ གྲོས་བསྟུན་འབད་དེ་ རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ ངོས་ལེན་འབད་དེ་ ཡོད་ཟེར་ཨིན་པས།
བཟོ་རིག་བཅུ་གསུམ་སྦྱོང་བརྡར་སྤེལ་ཁང་གི་དབུ་འཛིན་ ཀུན་ལེགས་དཔལ་འབྱོར་གྱིས་ སླབ་མིའི་ནང་ འདས་པའི་ལོ་ནང་ ན་གཞོན་ཚུ་གིས་ བཟོ་རིག་གི་ རིག་རྩལ་ཚུ་ སྦྱང་མི་ལུ་བརྟེན་ དཀའ་ངལ་མ་བྱུང་རུང་ རིག་གནས་འགོ་བཙུགས་པའི་སྐབས མི་སྟོབས་ཁ་སྐོང་དགོཔ་སྦེ་ ལས་གཡོག་ལྷན་ཁག་ལུ་ སྙན་ཞུ་འབདཝ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནིའི་ འགན་ཁུར་དེ་ ལས་གཡོག་ལྷན་ཁག་མེན་ཟེར་ སླབ་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭ་ནང་ བཟོ་རིག་གི་ སློབ་ཕྲུག་རྐྱངམ་གཅིག་ གདམ་འཐུ་འབད་ནི་སྦེ་ཡོད་རུང་ རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ ཁོང་རའི་ བྱ་རིམ་དང་འཁྲིལ་ཏེ་ སྤྱིར་བཏང་སློབ་ཕྲུག་ཚུ་ ལེན་ནི་ཡོདཔ་ལས་ གཙུག་ལག་སློབ་སྡེ་གིས་ བདག་འཛིན་འབད་དགོ་ཟེར་ཨིན་པས།
སློབ་ཚན་ཅིག་གི་དོན་ལུ་ ཉུང་ཤོས་ར་ ལེགས་སྦྱར་བ་༥ རེ་ དགོ་ཟེར་ཨིནམ་ད་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་བའི་ཤུལ་ལས་ གཞུང་གིས་ ཁག་འབགཔ་གི་ སློབ་སྟོན་༡ ལས་བརྒལ་ མ་གནངམ་ལས་ བཟོ་རིག་བཅུ་གསུམ་གྱི་ སློབ་དཔོན་ཚུ་གིས་ མཐུན་སྒྲིག་ཐོག་ལས་ སློབ་སྟོན་འབད་དོ་ཟེར་ དབུ་འཛིན་གྱིས་ བཤད་ཅི།
དབུ་འཛིན་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༩ ལས་ བཟོ་རིག་བཅུ་གསུམ་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་དགོཔ་སྦེ་ ཡོད་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་གིས་ བཟོ་རིག་རིག་རྩལ་གྱི་ སློབ་སྦྱོང་དེ་ཡང་ དུས་ཅི་ སྤྱི་ཟླ་༨ པའི་ནང་ མཇུག་བསྡུ་ནི་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་གཡོག་ལྷན་ཁག་ལས་ ཡི་གུ་ལྷོད་པའི་ཤུལ་ལས་ སློབ་ཕྲུག་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ སློབ་ཕྲུག་༡༢ ཀྱི་གྲས་ལས་༡༡ གིས་ སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ འགྱོ་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
སློབ་ཕྲུག་ཚུ་ ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ སྤོ་བཤུད་འབད་བའི་སྐབས་ ཁོང་གིས་ ལོ་ངོ་དང་པ་ལས་ར་ འགོ་བཙུགས་དགོཔ་ཨིན་རུང་ སློབ་ཕྲུག་ཚུ་ལུ་ བཟོ་རིག་གི་ རིག་རྩལ་ལག་ཁྱེར་ཡོདཔ་ལས་ མ་འོངས་པར་ གོ་སྐབས་སྦོམ་ཡོད་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་གིས་ བཤད་མིའི་ནང་ སློབ་གྲྭ་ནང་ འཛུལ་ཞུགས་འབད་མི་དེ་ཡང་ རྒྱལ་ཁབ་ནང་ མཐོ་རིམ་སློབ་གྲྭ་དེ་ གསརཔ་ཅིག་འབདཝ་ལས་ ལཱ་གཡོག་གི་ གོ་སྐབས་འབད་རུང་ ལེགས་ཤོམ་ཅིག་ འོང་ནི་མས་ཟེར་ མནོ་བསམ་བཏང་སྟེ་ འཛུལ་ཞུགས་འབད་བའི་མཐའ་མར་ གནས་ཚུལ་དེ་བཟུམ་གོཝ་ད་ རྣམ་རྟོག་ཡང་ ལང་དགོཔ་བྱུང་ཡི་ཟེར་ཨིན་པས།
སློབ་ཕྲུག་སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ གནད་དོན་དེའི་སྐོར་ལས་ ཕམ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ ཁོང་གིས་ ད་རེས་ནངས་པའི་ གནས་སྟངས་ནང་ མཐོ་རིམ་ཤེས་ཚད་དེ་ གལ་གནད་ཅན་ཅིག་ཨིན་པའི་སྐོར་ལས་ སླབ་མི་ལུ་བརྟེན་ སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ འགྱོ་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༢༠ ལང་མི་ ཕུར་པ་གིས་ ད་ལྟོ་ པ་ཏྲ་གི་ རིག་རྩལ་སྦྱོང་བརྡར་འབད་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་ར་ ཉམ་ཆུ་གི་ ཨ་ལོ་ཅིག་ཨིནམ་ལས་ ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ འགྱོ་ནི་ལུ་ ལཱ་ཁག་གཏང་ནི་ཨིན་པའི་ཁར་ བཟོ་རིག་གི་ རིག་རྩལ་ཚུ་ འཐོབ་ཚུགས་པ་ཅིན་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་མེདཔ་ལས་ བཟོ་རིག་བཅུ་གསུམ་ནང་ར་ སྡོད་ནི་ལུ་ གྲོས་ཐག་བཅད་དེ་ཡོད་ཟེར་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མིའི་ནང་ བཟོ་རིག་བཅུ་གསུམ་དེ་ མ་འོངས་པར་ འགྲོས་ཀྱིས་སྦེ་ ཕྱིར་བཏོན་གཏང་ནིའི་ འཆར་གཞི་ཡོད་རུང་ མཁས་མཆོག་ཚུ་གིས་ བཟོ་རིག་བཅུ་གསུམ་ལས་ མཐར་འཁྱོལ་མི་ཚུ་གིས་ མི་སྡེ་ནང་ ལཱ་གཡོག་འཐོབ་ནིའི་ དཀའ་ངལ་མེད་པའི་སྐོར་ལས་ གྲོས་བསྟུན་བྱུང་བའི་ཤུལ་ལས་ འཆར་གཞི་དེ་ ཆ་མེད་སོང་ཡོདཔ་ཨིན་པས།
ད་རེས་ བཟོ་རིག་བཅུ་གསུམ་ནང་ འཚེམ་འདྲུབ་དང་ འཇིམ་བཟོ་ པ་ཏྲ་ སྤྲོས་རྐོ་ ལྷ་བྲིས་ གཤག་བཟོ་ལ་སོགས་པའི་སྦྱོང་བརྡར་ཚུ་ འབད་དོ་ཡོད་་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *