༉ སྤྱི་ཟླ་༡༡ པའི་ཚེས་༥ ལུ་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་ལུ་ རབ་ཆད་ནིའི་ཉེན་ཁ་ཡོད་མི་ ཁྲུང་ཁྲུང་སྐེ་ནག་༢ ལྷོད་ཡོདཔ་ཨིན་པས།
འབུམ་སྡེ་གླིང་རི་དྭགས་སྲུང་སྐྱོབ་ས་ཁོངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྲུང་ཁྲུང་སྐེ་ནག་ཚུ་ ཉིན་མའི་ཆུ་ཚོད་ཕྱེད་དང་༡༢ དེ་ཅིག་ལུ་ ལྷོད་ཅི་ཟེར་ཨིན་པས།
སང་ཕོད་སྤྱི་ཟླ་༢ པའི་ནང་ ཁྲུང་ཁྲུང་སྐེ་ནག་༡༠༠ ལྷགཔ་ཅིག་ ལྷོད་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་ ན་ཧིང་ ཁྲུང་ཁྲུང་སྐེ་ནག་༡༠༢ ལྷོད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༦ ལུ་ ཁྲུང་ཁྲུང་སྐེ་ནག་༩༡ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
གླིང་འཛིན་འགོ་དཔོན་ ཀརྨ་བསྟན་པ་གིས་ སླབ་མིའི་ནང་ སྲུང་སྐྱོབ་ས་ཁོངས་ཀྱི་ རྒྱབ་སྐྱོར་ཐོག་ལས་ ཁྲུང་ཁྲུང་སྐེ་ནག་ལེ་ཤ་ ལྷོད་བཅུག་ནིའི་དོན་ལུ་ འཁྱམས་སའི་ས་ཁོངས་ཚུ་ ལེགས་བཅོས་འབད་དོ་ཟེར་ཨིནམ་ད་ ཁྲུང་ཁྲུང་འཁྱམས་སྡོད་སའི་ འབྱ་ཞིང་ཀི་ལོ་མི་ཊར་༢༠ དེ་ཅིག་ གློག་ཐག་ར་བ་བསྒོར་ཏེ་ཡོད་ཟེར་ ཨིན་པས།
གླིང་ཁའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ འབུམ་སྡེ་གླིང་ལུ་ ཁྲུང་ཁྲུང་སྐེ་ནག་ མར་ཉམས་འགྱོ་དགོ་པའི་ གནད་དོན་དེ་ཡང་ ཁྲུང་ཁྲུང་ཚུ་ ཟེགསམ་ཟ་སྡོདཔ་ད་ བར་ཆད་རྐྱབ་མི་དང་ འཁྱམས་སའི་ས་ཁོངས་ནང་ འབྱ་ཞིང་ཚུ་ ཆུ་རུད་ཀྱིས་འཕྱགས་བདའ་མི་དེ་གིས་ཨིནམ་མ་ཚད་ སྤྱང་ཁྱི་ཚུ་ ཡར་སེང་འགྱོ་ནི་དེ་གིས་ཡང་ ཨིན་མས་ཟེར་བཤདཔ་ཨིན་པས།
སྤྱང་ཁྱི་ཡར་སེང་འགྱོ་མི་དེ་ མར་ཕབ་ཀྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ སྤྱང་ཁྱི་༡༠༠ དེ་ཅིག་ བཤག་བཅོས་འབད་ཡི་ཟེར་ གླིང་ཁའི་འགོ་དཔོན་ཚུ་གིས་ བཤད་པའི་ཁར་ ཁྲུང་ཁྲུང་ཚུ་ འཁྱམས་བཅུག་ནིའི་དོན་ལུ་ ཆུ་ཁ་བསྒྱུར་བཏང་སྟེ་ ཆུ་གླིང་ཆུང་ཀུ་ཅིག་ བཟོ་ཡི་ཟེར་ཨིན་པས།
ཁྲུང་ཁྲུང་སྐེ་ནག་ཚུ་ འབུམ་སྡེ་གླིང་གི་ གཙང་ཆུའི་མཐའམ་བདའ་སྟེ་ འཁྱམས་སྡོད་དོ་ཡོདཔ་ད་ ཁྲུང་ཁྲུང་ཚུ་ ཆགས་པའི་སྐབས་ བར་ཆད་རྐྱབ་མི་ཡོད་ག་མེད་ག་ བྱ་ཉམས་སྲུང་འབད་མི་ གཡང་རྩེ་དང་ འབུམ་སྡེ་གླིང་སྡེ་ཚན་༢ བཟོ་སྟེ་ཡོད་ཟེར་ཨིནམ་ད་ ཁྲུང་ཁྲུང་ཚུ་ ཉམས་སྲུང་གི་དོན་ལུ་ གོ་བརྡ་ཡང་ སྤྲོད་དེ་ཡོད་ཟེར་ཨིན་པས།
གླིང་ཁའི་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ཁྲུང་ཁྲུང་སྐེ་ནག་ཚུ་ མང་སུ་སྦེ་ ལྷོད་བཅུག་ནིའི་དོན་ལུ་ མི་སེར་སོ་ནམ་པ་ཚུ་ གནམ་དགུན་གྱི་ ལོ་ཐོག་ལཱ་འབད་མ་བཅུག་པར་ ཞིང་སྟོངམ་སྦེ་བཞག་བཅུག་དོ་ཟེར་ཨིནམ་ད་ དེ་ཡང་ ཁྲུང་ཁྲུང་ཚུ་ ཟེགསམ་བཟའ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཀརྨ་བསྟན་པ་གིས་ སླབ་མིའི་ནང་ འབུམ་སྡེ་གླིང་དང་ གཡང་རྩེའི་མི་སེར་ཚུ་ལུ་ གནམ་དགུན་གྱི་ ལོ་ཐོག་ལཱ་འབད་མ་བཅུག་པར་བཞག་པའི་ ངལ་རངས་ཀྱི་འཐུས་བཟུམ་ཅིག་སྦེ་ གནམ་བྱཱར་ལུ་ སོ་ནམ་གྱི་ཐོན་སྐྱེད་ ཡར་དྲག་གཏང་ནིའི་དོན་ལུ་ འཕྲུལ་གླང་པ་ཝར་ཊི་ལར་སྦོམ་༦ དང་ ཆུང་ཀུ་༤ བྱིན་ཏེ་ཡོད་ཟེར་ཨིནམ་ད་ འཐུས་བྱིན་མི་དེ་ རྒུད་འཐུས་རྩ་ལས་མེན་ཟེར་ཨིན་པས།
ཁྲུང་ཁྲུང་སྐེ་ནག་ཚུ་ སྤྱི་ཟླ་༡༠ པ་ལས་ ཆགས་ནིའི་འགོ་བཙུགས་ཏེ་ སྤྱི་ཟླ་༢ པ་ཚུན་ཚོད་ ལྷོད་ནི་ཡོད་ཟེར་ཨིནམ་ད་ ཁྲུང་ཁྲུང་ཚུ་ སྤྱི་ཟླ་༣ པ་ལས་ ལོག་གནས་སྤོ་སྟེ་ འགྱོ་དོ་ཡོད་པའི་གནས་ཚུལ།

སྤྱི་ཟླ་༡༡ པའི་ཚེས་༥ ལུ་ ཁྲུང་ཁྲུང་སྐེ་ནག་༢ གནམ་དགུན་གྱི་སྡོད་གནས་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་ལུ་ ལྷོད་ཡོདཔ་ཨིན་མས།