བཀྲིས་གཡང་རྩེ་ འབུམ་སྡེ་གླིང་- འཇམ་མཁར།

གྲུབ་ཐོབ།

སྐྱེས་ལོ་༤༠ །

ཤེས་ཚད། ཚོང་འབྲེལ་ནང་ མཐོ་རིམ་ཤེས་ཡོན།

ཉམས་མྱོང་། སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?

ཤེས་འདོད་ཅན། དང་འདོད་ཅན་དང་ འགན་འཁྲི་ཅན་གྱི་མི།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?

ང་གིས་ སྲིད་ཚོགས་ཚུ་ལུ་བརྟེན་ མི་སྡེ་ཁག་དབྱེ་ནི་མེདཔ་བཟོ་ནི་ལུ་ གཙོ་རིམ་བཟུང་ནི། ང་བཅས་མི་སེར་ག་ར་ མི་དབང་རྒྱལཔོ་རིམ་བྱོན་ཚུ་གི་ དབུ་ཁྲིད་བཟང་པོའི་འོག་ལུ་ གཅིག་མཐུན་སྦེ་ སྡོད་ཡོདཔ་བཞིན་དུ་ ང་གིས་ མི་སེར་ཚུ་ གཅིག་མཐུན་སྦེ་ གནས་ནི་ལུ་ ལྷན་ཐབས་འབད་ནི། དམངས་གཙོའི་རིང་ལུགས་ནང་ མི་སེར་ཚུ་གིས་ འགན་ཁུར་ག་ཅི་ཨིན་ན་ ཧ་གོ་དགོཔ་མ་ཚད་ བདག་གཞན་གཉིས་ཀྱི་ ཐོབ་དབང་ལུ་ ངལ་རངས་དགོཔ་མ་ཚད་ གདམ་ཁ་སོ་སོ་ལུ་ བརྩི་མཐོང་བསྐྱེད་དགོ་པའི་ཁར་ མི་སེར་འཆམ་མཐུན་དང་ གཅིག་མཐུན་གྱི་ མི་སྡེ་བཟོ་ནི་ལུ་ གཙོ་རིམ་བཟུང་ནི།

ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?

འགོ་ཐོག་བཙག་འཐུའི་ གྲུབ་འབྲས་ཚུ་ལུ་ བལྟ་བ་ཅིན་ འབྲུག་མི་ཚུ་ གསལ་དྲགས་དང་ དམངས་གཙོའི་རིང་ལུགས་ནང་ ཉམས་མྱོང་ཐོབ་པའི་ གསལ་སྟོན་འབདཝ་མས། ད་རེས་ འབྲུག་མི་ཚུ་གིས་ ཚོགས་རྒྱན་ག་ལུ་ བཙུགས་ནི་ཨིན་ན་ ཤེས་ཏེ་ཡོད་མི་དེ་ རྒྱལ་ཁབ་ཀྱི་དོན་ལུ་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིན། དེ་ཡང་ བཀྲིན་ཅན་གྱི་བདག་ཉིད་ མི་དབང་མངའ་ཞབས་མཆོག་གི་ ལམ་སྟོན་བཟང་པོ་གནང་མི་ལུ་བརྟེན་ཨིན།

སྲིད་ཚོགས་དང་ འདེམས་ངོ་ཚུ་གིས་ འགན་འཁྲི་འབག་ཐོག་ལས་ ཁས་བླངས་གསལ་བསྒྲགས་འབད་ཡོད་རུང་  བཙག་འཐུ་ནང་ སྲིད་ཚོགས་ཀྱི་ རྒྱབ་སྐྱོར་པ་ཚུ་གིས་ སྲིད་ཚོགས་གཞན་ཚུ་ དམའ་ཕབ་དང་ བྱད་སྨད་རྐྱབ་ནིའི་དོན་ལུ་ ཤོ་དང་མ་བདེན་པའི་ འཐོར་གཏམ་སླབ་མི་ཚུ་ལུ་ སེམས་མི་དགའ་བས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ག་ཅི་འདུག?

དམངས་གཙོའི་རིང་ལུགས་དེ་ མཐར་འཁྱོལ་ཅན་སྦེ་ འབྱུང་དགོ་པ་ཅིན་ ང་བཅས་འབྲུག་མི་ཡོངས་ཀྱིས་ འགན་ཁུར་འདྲ་མཉམ་ འབད་དགོཔ་མ་ཚད་ སྲིད་དོན་ཚོགས་པ་ག་ར་ལུ་ དད་དམ་ལྷད་མེད་དང་ སྒྲིག་ཁྲིམས་ལུ་ གཙོ་བོར་བཟུང་སྟེ་ རྩ་བ་༣ ལུ་ འགན་འཁྲི་ཕོགཔ་ལས་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ལུ་ ཐོ་ཕོག་བཅུག་ནི་མི་འོང་།

མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?

ང་ལུ་ ཚོགས་རྒྱན་བཙུགས་ནི་དེ་ ཁག་མི་ཆེ། དེ་འབདཝ་ད་ འདེམས་ངོ་དྲག་ཤོས་ཀྱིས་ སྲིད་ཚོགས་དྲག་ཤོས་ནང་ གྲལ་གཏོགས་འབད་མི་ལུ་ ཚོགས་རྒྱན་བཙུགས་དགོཔ་ཁག་ཆེ། མི་སེར་ཚུ་གིས་ ཐག་ལེགས་ཤོམ་སྦེ་བཅད་དེ་ འདེམས་ངོ་དྲག་ཤོས་ལུ་ ཚོགས་རྒྱན་བཙུགས་འོང་མནོ་བའི་ རེ་བ་ཡོད།

ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?

མི་སེར་ཚུ་གིས་ སྲིད་ཚོགས་ག་ལུ་ རྒྱབ་སྐྱོར་འབད་ཡོད་རུང་ དེ་ཚུ་ལུ་ མ་བལྟ་བར་ ང་གིས་ འདེམས་ཁོངས་ཀྱི་ མི་སེར་དང་ ཕྱད་དེ་ བཙག་འཐུ་ལུ་བརྟེན་ མི་སེར་ཁག་དབྱེ་སྟེ་ འགྱོ་མི་ཚུ་ མེདཔ་བཟོ་ནི།

མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?

མི་སྡེ་བརྡ་བརྒྱུད་དེ་ ང་བཅས་རའི་ མི་ཚེའི་ཆ་རྐྱེན་བཟུམ་ཅིག་ལུ་ གྱུར་ཡོདཔ་ཨིན་རུང་ ད་རིས་ཀྱི་ བཙག་འཐུ་ནང་ སྲིད་ཚོགས་དང་ འདེམས་ངོ་ དེ་ལས་ རྒྱབ་སྐྱོར་པ་ཚུ་གིས་ ཐབས་ལ་སྣ་ཚོགས་ཐོག་ ལག་ལེན་འཐབ་མས། མི་སྡེ་བརྡ་བརྒྱུད་དེ་ འཕྲོ་མཐུད་དེ་ར་ འགན་ཁུར་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ གོ་བརྡ་ག་དེ་མང་མང་ སྤྲོད་དགོཔ་འདུག།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *