ཆུ་མེད་པའི་ ཆུ་ཏོག།

བཀྲིས་གཡང་རྩེ་ ཁམས་དྭངས་སྤྱི་འོག་ནང་ འཐུང་ཆུ་མ་ལང་པའི་དཀའ་ངལ།

༉ སྤྱིར་བཏང་ གཡུས་ཚན་གཞན་ཚུ་ནང་ དུས་རྒྱུན་དུ་ འཐུང་ཆུ་ཐོབ་དོ་ཡོད་རུང་ བཀྲིས་གཡང་རྩེ་ ཁམས་དྭངས་སྤྱི་འོག་ནང་འབད་བ་ཅིན་ དུས་ཚོད་དང་འཁྲིལ་ཏེ་མ་གཏོགས་ འཐུང་ཆུ་མི་ཐོབ་དོ་ཡོདཔ་ཨིན་པས།
ཁམས་དྭངས་སྤྱི་འོག་ལས་ སྐྱེས་ལོ་༦༡ ལང་མི་ དབང་འདུས་ཀྱིས་ སླབ་མིའི་ནང་ སྤྱི་འོག་ནང་ དུས་ཚོད་བཀག་སྟེ་ འཐུང་ཆུ་བཏང་མི་ལུ་བརྟེན་ དུས་རྒྱུན་གྱི་ ལཱ་འབད་ནི་ལུ་ ཐོ་ཕོག་དོ་ཡོདཔ་མ་ཚད་ གཙང་སྦྲ་དང་ལྡནམ་སྦེ་ སྡོད་ནི་ལུ་ཡང་ ལཱ་ཁག་རྐྱབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ འཐུང་ཆུ་གསོག་མཛོད་ནང་ ཆུ་གཉེར་ཅིག་ བཙུགས་ཏེ་ཡོདཔ་ལས་ ཁོ་གིས་ གཡུས་ཚན་ཚུ་ནང་ དྲོ་པ་དང་ཕྱི་རུ་ དུས་ཚོད་བཀག་སྟེ་ བཏང་དོ་ཡོདཔ་བཞིན་དུ་ འཕྲལ་འཕྲལ་སྐབས་ དུས་ཡུན་ ཆུ་ཚོད་༣ ལས་བརྒལ་ འཐུང་ཆུ་འཐོབ་ནི་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་པ་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ སྤྱི་འོག་ནང་ བུ་ཡང་ཆུ་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་ལས་ ཆུ་རྐ་དེ་ ལམ་ཐག་རིང་མི་ལུ་བརྟེན་ དུས་ཚོད་དང་འཁྲིལ་ཏེ་ བཀྲམ་སྤེལ་འབད་དགོ་མི་དེ་ གནད་དོན་དེ་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁམས་དྭངས་རྒེད་འོག་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་དེ་ ཧེ་མ་ལས་ར་ ཐོན་ཏེ་འདུག་ཟེར་ཨིནམ་ད་ ད་རེས་ གནད་དོན་དེ་ལུ་བརྟེན་ མི་སེར་ལ་ལོ་ཅིག་གིས་ ལྕང་ལཱ་རྐྱབ་ནི་ཡང་ བཤོལ་བཞག་སྟེ་འདུག་ཟེར་ཨིན་པས།
མི་ཚུ་གིས་ འཐུང་ཆུ་མ་ལང་མི་ལུ་བརྟེན་ ཚོད་བསྲེ་ལྡུམ་རའི་ ལཱ་འབད་ནི་ལུ་ཡང་ ཐོ་ཕོག་སྟེ་ཡོདཔ་མ་ཚད་ སྒོ་ནོར་སེམས་ཅན་ཚུ་ལུ་ཡང་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ ཕུན་ཚོགས་དབང་འདུས་ཀྱིས་ བཤད་ཅི།
ཁམས་དྭངས་སྤྱི་འོག་ལས་ བུ་ཡང་ཆུ་རྐ་ཚུན་ ཀི་ལོ་མི་ཊར་༡༣ ཡོདཔ་ད་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ གནམ་བྱཱར་ བུ་ཡང་ཆུ་དེ་ བྲེས་པའི་སྐབས་ལུ་ ཆུ་རྐ་ཚུ་ ཆད་འགྱོ་མི་ལུ་བརྟེན་ སྤྱི་འོག་ནང་ འཐུང་ཆུ་མེད་པར་ བདུན་ཕྲག་ལས་བཅད་དེ་ སྡོད་དགོཔ་བྱུངམ་མས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ སྤྱི་འོག་ནང་ བུ་ཡང་ཆུ་ལས་མེན་པར་ གསེར་ཕུག་ཆུ་ལས་ བཀྲམ་སྤེལ་འབད་བ་ཅིན་ བརྟན་ཏོག་ཏོ་ཅིག་ འོང་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁམས་དྭངས་རྒེད་འོག་ནང་ ཆུའི་རྐ་དང་འབྲེལ་བའི་ དཀའ་ངལ་ལུ་བརྟེན་ འཐུང་ཆུ་མ་ལང་པའི་ གདོང་ལེན་དེ་ ཧེ་མ་ལས་ བྱུང་སྟེ་ཡོད་རུང་ ད་རེས་ དུམ་གྲ་ཅིག་ སེལ་ཚུགས་ཏེ་ཡོད་ཟེར་ཨིན་པས།
ཁམས་དྭངས་ལས་ སྐལ་བཟང་བདེ་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ བཙན་མཁར་ལ་སློབ་གྲྭའི་ ས་ཁོངས་ནང་ འཐུང་ཆུ་ཚུ་ཡང་ དུས་ཚོད་བཀག་སྟེ་ བཏང་ཡོད་རུང་ ད་རེས་ སློབ་གྲྭའི་ཉེ་འདབས་ལུ་ ཆུ་མཛོད་ཁང་ཅིག་ བཟོ་སྐྲུན་འབད་མི་ལུ་བརྟེན་ འཐུང་ཆུའི་དཀའ་ངལ་ དུམ་གྲ་ཅིག་ སེལ་ཏེ་ཡོད་ཟེར་ཨིན་པས།
གནད་དོན་དེའི་ཐོག་ལུ་ ཁམས་དྭངས་རྒེད་འོག་བདག་སྐྱོང་འགོ་དཔོན་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་འོག་ནང་ ཆུའི་རྐ་ཅིག་ལས་བརྒལ་ མེད་ནི་དེ་གིས་ དུས་ཚོད་དང་བསྟུན་ འཐུང་ཆུ་བཀྲམ་སྤེལ་འབད་ནི་ བཟོ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་གཞི་ ཧེ་མ་འབད་བ་ཅིན་ རྒེད་འོག་ནང་ འཐུང་ཆུའི་དཀའ་ངལ་དེ་ སྦོམ་སྦེ་ར་ བྱུང་སྟེ་སྡོད་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིན་རུང་ ད་རེས་ ས་གོ་ཚུ་ནང་ལས་ཕར་ ཆུ་མཛོད་རྐྱབ་མི་ལུ་བརྟེན་ དུམ་གྲ་ཅིག་ སེལ་ཚུགས་ཏེ་ཡོད་ཟེར་ཨིན་པས།
བདག་སྐྱོང་འགོ་དཔོན་གྱིས་འབད་བ་ཅིན་ བཙན་མཁར་ལ་སློབ་གྲྭའི་ ས་ཁོངས་ནང་ སྟོད་ཚོ་རྒེད་འོག་ དུར་དུར་རི་ཆུའི་རྐ་ལས་ འཐུང་ཆུ་བཀྲམ་སྤེལ་འབད་དོ་ཡོདཔ་བཞིན་དུ་ ཆུ་མཛོད་རྐྱབ་མི་ལུ་བརྟེན་ འཐུང་ཆུའི་དཀའ་ལ་དེ་ སེལ་ཏེ་ཡོད་ཟེར་ཨིན་པས།
མི་སེར་ཚུ་ལུ་ འཐུང་ཆུ་ཚུ་ ལངམ་སྦེ་བྱིན་ཐབས་ལུ་ འཆར་གཞི་༡༢ པའི་ནང་ དུར་དུར་རིའི་ ཆུ་རྐ་དེ་ རྒྱ་སྐྱེད་བཏང་སྟེ་ ཆུ་དུང་ཆུང་ཀུ་ཚུ་ཡང་ སྦོམ་བཙུགས་ནི་དང་ ཆུའི་རྐ་ཡང་ ལེགས་ཤོམ་སྦེ་ ཉམས་བཅོས་འབད་དེ་ བཀྲམ་སྤེལ་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡ བཞག་སྟེ་ཡོད་ཟེར་ཨིན་པས།
ཁམས་དྭངས་སྤྱི་འོག་གི་ཐད་ཁར་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ བུ་ཡང་ཆུ་རྐ་ལས་ འཐུང་ཆུ་མཛོད་ཁང་ནང་ བཏང་དོ་ཡོད་རུང་ གང་མ་ཚུགས་མི་ལུ་བརྟེན་ དུས་ཚོད་དང་འཁྲིལ་ བཏངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་འོག་ནང་ འཐུང་ཆུ་གི་ དཀའ་ངལ་སེལ་ཐབས་འབད་ནི་ལུ་ ད་རུང་ ཆུ་མཛོད་སྦོམ་ཅིག་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ དེ་གིས་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཁམས་དྭངས་རྒེད་འོག་དེ་ བཀྲིས་གཡང་རྩེ་རྫོང་ཁག་ལས་ ཀི་ལོ་མི་ཊར་༣༤ གི་ ས་གནས་ཁར་ཡོདཔ་བཞིན་དུ་ ཁམས་དྭངས་སྤྱི་འོག་ནང་ གུང་པ་༡༨༠ ཡོདཔ་བཞིན་དུ་ མི་སེར་༡,༠༠༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *