གཡང་རྩོ་ཁྲོམ་ཁར་ སྒེར་ཁྱིམ་༤༥ དེ་ཅིག་ཡོདཔ་ཨིན་པས།

བཀྲིས་གཡང་རྩེ་ལུ་ ཞི་གཡོགཔ་ཚུ་ལུ་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ།

༉ བཀྲ་ཤིས་གཡང་རྩེ་ལུ་ མིང་སླབ་མ་བཏུབ་མི་ ཞི་གཡོགཔ་ཅིག་གིས་ སྦས་གླིང་སློབ་གྲྭ་ལྟེ་བའི་ ཉེ་འདབས་ལུ་ ཁོ་རའི་ ཆ་རོགས་དང་གཅིག་ཁར་ སྡོད་ཁྱིམ་བགོ་བཤའ་རྐྱབ་སྡོད་དེ་ ད་རིས་འབདཝ་ད་ ལོ་༣ དེ་ཅིག་ ལང་སོ་ནུག།
ཞི་གཡོགཔ་དེ་གིས་ སླབ་མིའི་ནང་ གཡང་རྩེ་ཁྲོམ་ཁར་ ཁང་གླ་མཐོ་དྲགས་མི་ལུ་བརྟེན་ ཞི་གཡོགཔ་ཚུ་གིས་ ཁྲོམ་ཁར་སྡོད་མ་ཚུགས་པའི་ དཀའ་ངལ་ཡོད་པའི་ཁར་ ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་ལས་ཕར་ཡང་ ཁྱིམ་ཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
རྫོང་ཁག་འཆར་གཞི་འགོ་དཔོན་ བསོད་ནམས་འཕྲིན་ལས་ཀྱིས་ རྫོང་ཁག་ནང་ ཞི་གཡོགཔ་གི་དོན་ལུ་ སྡོད་ཁྱིམ་མེདཔ་ལས་ ཞི་གཡོགཔ་མང་ཤོས་ཅིག་གིས་ ཉེ་འདབས་ཀྱི་ གཡུས་ཚན་ཚུ་ནང་ སྡོདཔ་མས་ཟེར་ བཤདཔ་ཨིན་པས།
ད་ལྟོ་ཡོད་མི་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ སྡོད་ཁྱིམ་ཚུ་ རྒྱབ་སྐྱོར་ལས་བྱེདཔ་ཚུ་གི་དོན་ལུ་ རྐྱངམ་གཅིག་མ་གཏོགས་ རྫོང་ཁག་གི་ འགོ་དཔོན་ཚུ་ལུ་ ལངམ་མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༧ པའི་ནང་ རྫོང་ཁག་བདག་སྐྱོང་གིས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ལུ་ རྫོང་ཁག་གི་ ལས་བྱེདཔ་ཚུ་གི་དོན་ལུ་ སྡོད་ཁྱིམ་གྱི་ དགོས་མཁོ་ཡོད་པའི་སྐོར་ལས་ ཡི་གུ་བྲིས་ཡི་ཟེར་ཨིནམ་ད་ ཞུ་ཡིག་ནང་ མཁོ་ལོང་ཆུ་ལས་འགུལ་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་༢༠༡༦ ལས་འགོ་བཙུགས་ རྫོང་ཁག་ནང་སྡོད་མི་ ཞི་གཡོགཔ་ཚུ་ལུ་ སྡོད་ཁྱིམ་གྱི་ གདོང་ལེན་ཚུ་ བྱུང་སྟེ་ར་ཡོད་ཟེར་ཨིན་པས།
ཞུ་ཡིག་ནང་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཟླ་རིམ་ཁང་གླ་ དངུལ་ཀྲམ་༤,༠༠༠ ལས་༨,༠༠༠ ཚུན་ ཚད་ལས་བརྒལ་ ཡར་སེང་འབད་ནི་དེ་ སྤྱིར་བཏང་ཞི་གཡོགཔ་ཚུ་གིས་ སྤྲོད་ཚུགས་པར་ ལཱ་ཁག་འདུག་ཟེར་ བཀོད་པའི་ཁར་ སྒེར་གྱི་ཁྱིམ་༤༥ ལས་ལྷག་མེད་ནི་དེ་གིས་ གཡང་རྩེ་ཁྲོམ་ཁར་ ལས་འགུལ་འགོ་དཔོན་ཚུ་སྡོད་ནི་ འགོ་བཙུགས་པའི་ཤུལ་ལས་ ཁང་གླ་ཡང་ དུས་ཡུན་ཐུང་ཀུ་ནང་ར་ ཡར་སེང་སོང་ཡི་ཟེར་བཀོད་ནུག།
རྫོང་ཁག་གིས་ ཁྱིམ་བཟོ་གོང་འཕེལ་ལས་འཛིན་ལུ་ ད་ལྟོ་ ལས་འཛིན་གྱི་ སྡོད་ཁྱིམ་ས་ཁོངས་ཀྱི་ལྟག་ལུ་ ས་གོ་ལངམ་ཡོདཔ་བཞིན་དུ་ རྫོང་ཁག་འགོ་དཔོན་ཚུ་གི་དོན་ལུ་ སྡེ་ཕྲན་༤༠ ཡོད་མི་ སྡོད་ཁྱིམ་རྐྱབ་དགོ་པའི་ ཞུ་བ་འབད་དེ་ཡོདཔ་ཨིན་པས།
བསོད་ནམས་ཆོས་འཕེལ་གྱིས་ སླབ་མིའི་ནང་ རྫོང་ཁག་སྡོད་ཁྱིམ་གསརཔ་རྐྱབ་པ་ཅིན་ ཁྱིམ་གྱི་དཀའ་ངལ་ཡང་ བསལ་ནི་ཨིནམ་མ་ཚད་ ཞི་གཡོགཔ་ཚུ་ལུ་ཡང་ རང་སོའི་འགན་ཁུར་ཚུ་ དོན་སྨིན་ཅན་སྦེ་ འབག་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ ཕན་ཐོགས་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡང་རྩེ་ལུ་ སྡོད་ཁྱིམ་གྱི་ དཀའ་ངལ་ཡོད་མི་ལུ་བརྟེན་ ཞི་གཡོགཔ་ཚུ་ རྫོང་ཁག་གཞན་ཚུ་ལས་ རྫོང་ཁག་ནང་ འོང་ནི་ལུ་ཡང་ བཀག་རྐྱབ་མས་ཟེར་ཨིནམ་ད་ མང་ཤོས་ཅིག་གིས་ འོང་མ་བཏུབ་ནི་དེ་གིས་ གནས་སོར་འགྱོ་མི་ཚུ་གི་ ཚབ་འཐོབ་ནི་ལུ་ཡང་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཤུལ་མའི་ལོ་༢ དང་༣ གྱི་ ནང་འཁོད་ནང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ སྡེ་ཕྲན་༢༤ རེ་འབད་མི་ ཁྱིམ་༣ རྐྱབ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
རྫོང་ཁག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་བསྒང་ལས་ ཁྱིམ་ཚུ་གི་ དགོས་མཁོ་མེདཔ་ འགྱོ་ནི་ཨིན་མི་དེ་ཡང་ བཟོ་སྐྲུན་ལཱ་ མཇུག་བསྡུ་བའི་བསྒང་ལས་ ལས་འགུལ་འགོ་དཔོན་ཚུ་ཡང་ དོག་གསུམ་ལུ་ སྡོད་ཁྱིམ་ས་ཁོངས་གསརཔ་ནང་ སྤོ་བཤུད་རྐྱབ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ སྒེར་སྡེའི་ལས་བྱེདཔ་ བཀྲ་ཤིས་ཚེ་རིང་གིས་ སླབ་མིའི་ནང་ ཁྱིམ་གྱི་ཇོ་བདག་ཚུ་གིས་ སྔོན་བརྡ་ག་ནི་ཡང་མེད་པར་ ཁང་གླ་ཚུ་ ཡང་སེང་རྐྱབ་མས་ཟེར་ཨིནམ་ད་ ཁོང་གིས་ ཁང་གླ་སྤྲོད་མ་ཚུགས་པ་ཅིན་ འཐོན་སོང་ཟེར་ སླབ་མི་ལུ་བརྟེན་ ཐབས་རང་མེད་པར་ སྡོད་དགོ་པས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ་དང་ ཡོན་ཏན་ཚེ་གྲུབ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *