བཀྲིས་གཡང་རྩེ་ལུ་ ཚོགས་རྒྱན་བཙུགས་པར་མི་བརྒྱ་ཆ་༣ ཡར་སེང་སོང་ཡོདཔ།

༉ བཀྲིས་གཡང་རྩེ་ལུ་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ བཙུགས་ཚར་མི་དང་བསྟུན་ འགོ་ཐོག་བཙག་འཐུ་དང་ཕྱདཔ་ད་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༣ ཡར་སེང་སོང་ཡོདཔ་ཨིན་པས།

བཀྲིས་གཡང་རྩེ་གི་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་ བཙན་མཁར་ལ་སློབ་གྲྭ་ལྟེ་བ་དང་ གཡང་རྩེ་འབྲིང་རིམ་སློབ་གྲྭ་བར་མ་༢ ནང་ ཐོ་བཀོད་འབད་མི་༡,༦༠༣ ཡོད་མི་ལས་ ཕོ་སྐྱེས་༧༢༣ དང་ ཨམ་སྲུ་༦༩༣ གྱིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ ཨམ་སྲུ་དང་ཕྱདཔ་ད་ ཚོགས་རྒྱན་བཙུགས་མི་དེ་ ཕོ་སྐྱེས་མང་སུ་ཡོདཔ་ཨིན་པས།

བཙན་མཁར་ལ་སློབ་གྲྭ་ལྟེ་བའི་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་ནང་ ཕོ་སྐྱེས་༢༢༤ དང་ ཨམ་སྲུ་༢༤༦ ཚོགས་རྒྱན་བཙུགས་ནི་ལུ་ ཐོ་བཀོད་འབད་མི་ལས་ ཕོ་སྐྱེས་༢༠༡ དང་ ཨམ་སྲུ་༢༠༣ གྱིས་ ཚོགས་རྒྱན་བཙུགས་པར་འོང་ཡོདཔ་ད་ ཕོ་སྐྱེས་༢༣ དང་ ཨམ་སྲུ་༤༣ གྱིས་ ཚོགས་རྒྱན་བཙུགས་པར་ མ་འོངམ་ཨིན་པས།

དེ་བཟུམ་སྦེ་ གཡང་རྩེ་འབྲིང་རིམ་སློབ་གྲྭ་བར་མའི་ ལྷན་ཐབས་ས་ཁོངས་ནང་ འདས་པའི་ཉིན་གྲངས་༣ གྱི་རིང་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་རྒྱན་བཙུགས་མི་༡,༡༣༣ གྱིས་ ཐོ་བཀོད་འབད་ཡོད་མི་ལས་ ཕོ་སྐྱེས་༥༢༢ དང་ ཨམ་སྲུ་༤༩༠ གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ ཕོ་སྐྱེས་༦༡ དང་ ཨམ་སྲུ་༦༠ འབདཝ་ད་ མི་ངོམ་༡༢༡ གིས་ ཚོགས་རྒྱན་བཙུགས་པར་ མ་འོངམ་ཨིན་པས།

བཙན་མཁར་ལ་སློབ་གྲྭ་ལྟེ་བའི་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་ནིའི་དོན་ལས་ མི་ངོམ་༤༧༠ གིས་ ཐོ་བཀོད་འབད་ཡོད་པའི་ཁར་ གཡང་རྩེ་འབྲིང་རིམ་སློབ་གྲྭ་བར་མའི་ ལྷན་ཐབས་ས་ཁོངས་ནང་ མི་ངོམ་༡,༡༣༣ གིས་ ཐོ་བཀོད་འབད་ཡོདཔ་ཨིན་པས།

རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱིར་བཏང་བཙག་འཐུ་ནང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་ལས་ མི་ངོམ་༡༨༧ གྱིས་ ཚོགས་རྒྱན་བཙུགས་པར་ མ་འོང་པས་ཟེར་ཨིནམ་ད་ འགོ་ཐོག་བཙག་འཐུ་ནང་ མི་ངོམ་༢༣༥ དེ་ཅིག་གིས་འོང་མ་བཏུབ་ལས་ འགོ་ཐོག་བཙག་འཐུ་དང་ཕྱདཔ་ད་ ཚོགས་རྒྱན་བཙུགས་པར་ འོང་མི་དེ་ སྤྱིར་བཏང་བཙག་འཐུ་ནང་ དྲག་པས་ཟེར་ཨིན་པས།

རྫོང་ཁག་བཙག་འཐུ་ཞིབ་རོགས་འགོ་དཔོན་ དབང་འདུ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་པར་ མ་འོང་མི་དེ་ཡང་ ཚོགས་རྒྱན་བཙུགས་མི་ ལ་ལོ་ཅིག་ འཕྲལ་མགྱོགས་ཀྱི་ སྦྱོང་བརྡར་འབད་བར་སོང་མི་དང་ ལ་ལོ་ཅིག་ སྨན་བཅོས་འབད་བར་ འགྱོ་མི་ཚུ་ཨིན་མས་ཟེར་ཨིན་པས།

དེ་ལས་ གཞན་ལུ་བརྟེན་ཏེ་སྡོད་མི་ ཚོགས་རྒྱན་བཙུགས་མི་ལ་ལོ་ཅིག་ ལྷན་ཐབས་ས་ཁོངས་ནང་ ཐོ་བཀོད་འབད་བཞག་སྟེ་ ལམ་ཐག་རིང་བའི་ གནད་དོན་ལུ་བརྟེན་ ཚོགས་རྒྱན་བཙུགས་པར་ མ་འོང་པས་ཟེར་ཨིནམ་ད་ ངོས་ལེན་འགོ་དཔོན་ཚུ་གིས་ འབད་བ་ཅིན་ ལ་ལོ་ཅིག་ གནས་སྤོ་སོང་མི་དང་ ཕར་དང་ཚུར་སོང་སྟེ་ ལོག་ཚོགས་རྒྱན་བཙུགས་པར་ ལྷོད་མ་ཚུགས་མི་ཚུ་ཨིན་མས་ཟེར་ ཨིན་པས།

འགོ་ཐོག་བཙག་འཐུ་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡,༦༢༤ ཡོད་ས་ལས་ ཕོ་སྐྱེས་༧༡༩ དང་ ཨམ་སྲུ་༦༧༠ གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ སྤྱིར་བཏང་བཙག་འཐུ་ནང་ ཐོ་བཀོད་འབད་མི་༡,༦༠༣ ཡོད་མིའི་གྲས་ལས་ ཕོ་སྐྱེས་༧༢༣ དང་ ཨམ་སྲུ་༦༢༣ གྱིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

རྫོང་ཁག་བཙག་འཐུ་ཡིག་ཚང་དང་འཁྲིལ་བ་ཅིན་ མདང་བཞག་ བཙག་འཐུ་ལྷན་ཚོགས་ཀྱི་གནང་བ་དང་འཁྲིལ་  ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་ལས་ ཚོགས་རྒྱན་བཙུགས་མི་༢༡ གིས་ ཐོ་དེབ་ནང་ལས་ བཏོན་ཡོདཔ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཞུ་ཡིག་བཙུགས་ཏེ་ར་ ལ་ལོ་གིས་ འཕྲུལ་ཆས་ཨི་བི་ཨེམ་ཐོག་ལས་ བཙུགས་ནི་དང་ ལ་ལོ་གིས་ ས་གནས་བསྒྱུར་བཅོས་འབད་དེ་ ཐོ་བཀོད་ནང་ལས་ བཏོན་ཡི་ཟེར་ རྫོང་ཁག་བཙག་འཐུ་འགོ་དཔོན་ འཕྲིན་ལས་མཚོ་མོ་གིས་ བཤད་ཅི།

བཀྲིས་གཡང་རྩེ་ལུ་ ཚོགས་རྒྱན་བཙུགས་ནི་ལུ་ ཐོ་བཀོད་གྲུབ་མི་༡༨,༣༨༨ ཡོདཔ་ད་ ད་རེས་ སྦས་གླིང་སློབ་གྲྭ་ལྟེ་བའི་ ཚོགས་རྒྱན་ས་ཁོངས་ནང་སྦེ་ སྡེ་ཁྲིད་འགོ་དཔོན་ཚུ་ལུ་ བཙག་འཐུའི་སྐོར་ལས་ དྲན་གསོའི་སློབ་སྦྱོང་བྱིན་དོ་ཡོདཔ་ད་ སྤྱི་ཟླ་༡༠ པའི་ཚེས་༡༦ ལུ་ ཚོགས་རྒྱན་འགོ་དཔོན་དང་ སྲུང་སྐྱོབ་དམག་མི་ཚུ་ གཏང་ནི་ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ གནས་བརྟན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *