རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་ ཀུན་བཟང་དོན་གྲུབ་ཀྱིས་ སློབ་གྲྭ་ལྟེ་བ་ གཞི་བཙུགས་འབད་ནིའི་སྐོར་ལས་ དོགས་སེལ་འབད་བའི་བསྒང་།

བཀྲིས་གཡང་རྩེ་རྫོང་ཁག་གིས་ འཆར་གཞི་༡༢ པའི་ནང་ སློབ་གྲྭ་ལྟེ་བ་༢ འཐོབ་ནི།

ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ བཀྲིས་གཡང་རྩེ་རྫོང་ཁག་ནང་ སློབ་གྲྭ་ལྟེ་བ་༢ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ སྤྱི་ཟླ་༣ པའི་ཚེས་༥ ལུ་ བཀྲིས་གཡང་རྩེ་རྫོང་ཁག་ཚོགས་འདུ་ འཚོགས་པའི་སྐབས་ སློབ་གྲྭ་ལྟེ་བ་ གཞི་བཙུགས་འབད་སའི་ ས་ཁོངས་ཚུ་ ངོས་འཛིན་འབད་ཡི།

སློབ་གྲྭ་ལྟེ་བ་ཚུ་ཡང་ ད་ལྟོ་ཡོད་པའི་ འབུམ་སྡེ་གླིང་སློབ་གྲྭ་བར་མ་དང་ རམ་འཇར་འབྲིང་རིམ་སློབ་གྲྭ་ཚུ་ རྒྱ་བསྐྱེད་འབད་ཐོག་ལས་ གཞི་བཙུགས་འབད་ནི་ལུ་ རྫོང་ཁག་ཤེས་རིག་སྡེ་ཚན་གྱིས་ གྲོས་འཆར་བཙུགས་མི་དང་བསྟུན་ ཆ་འཇོག་གྲུབ་ཅི།

ད་རེས་ བལ་གླིང་སློབ་འབྲིང་རིམ་གོང་མ་དང་ ཀུན་བཟང་གླིང་སློབ་གྲྭ་ དེ་ལས་ བཙན་མཁར་ལ་སློབ་གྲྭ་ཚུ་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་འབད་དེ་ཡོདཔ་ད་ འབུམ་སྡེ་གླིང་སློབ་གྲྭ་དང་ རམ་འཇར་སློབ་གྲྭ་དེ་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་འབད་བ་ཅིན་ རྫོང་ཁག་ནང་ སློབ་གྲྭ་ལྟེ་བ་༥ འོང་ནི་ཨིན་པས།

ཡ་ལང་རྒེད་འོག་གི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ སློབ་གྲྭ་ལྟེ་བ་དེ་ རམ་འཇར་རྒེད་འོག་ནང་ བཙུགས་ནི་སྦེ་ ཐག་བཅད་མི་ལུ་ སེམས་དང་མ་ལྡན་པར་ཡོདཔ་ད་ ཡ་ལང་རྒེད་འོག་གི་དམངས་མི་ ཚེ་རིང་སྟོབས་རྒྱས་ཀྱིས་ ཞུ་མིའི་ནང་ ཧེ་མ་ རྒེད་འོག་ནང་ལས་ཡང་ རྒེད་འོག་ནང་ཡོད་པའི་ ཕྲ་སྒོམ་སློབ་གྲྭ་བར་མ་དེ་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་འབད་དགོ་པའི་ གྲོས་འཆར་བཙུགས་མི་དེ་ ག་དེ་སྦེ་ ཆ་མེད་ཡར་སོ་ཡི་ག་ ཧ་གོ་མ་ཚུགས་ཟེར་ཨིན་པས།

ད་རེས་ ཕྲ་སྒོམ་སློབ་གྲྭ་དེ་ རྒྱ་སྐྱེད་འབད་ནི་ལུ་ ས་གོ་དང་ མཐུན་རྐྱེན་ཚུ་ ལངམ་སྦེ་ཡོད་པའི་ཁར་ མི་སེར་ཚུ་གིས་འབད་རུང་ རྒེད་འོག་ནང་ གཞུང་ལས་ འགོ་དཔོན་ག་ར་བྱོན་རུང་ ཞུ་བ་ཕུལ་བཞིན་དུ་ཡོདཔ་མ་ཚད་ གལ་སྲིད་སློབ་གྲྭ་དེ་ རམ་འཇར་ལུ་ མ་བཙུགས་པ་ཅིན་ འདྲ་མཉམ་དང་དྲང་བདེན་ མི་འགྱོ་ནི་མས་ཟེར་ འགོ་དཔོན་ཚུ་གིས་ ཞུ་ཡི།

རྫོང་ཁག་ཚོགས་འདུའི་ཁྲི་འཛིན་དང་ ཡ་ལང་རྒཔོ་ ཆོས་སྲུང་དབང་འདུས་ཀྱིས་ སླབ་མིའི་ནང་ ད་རེས་ རྒེད་འོག་ནང་ གུང་སྟོང་༩༠ དེ་ཅིག་ཡོདཔ་ལས་ ཕྲ་སྒོམ་སློབ་གྲྭ་དེ་ སློབ་གྲྭ་ལྟེ་བ་ལུ་ ཡར་སེང་འབད་མ་ཚུགས་པ་ཅིན་ ད་རུང་ གུང་སྟོང་གི་གྱངས་ཁ་དེ་ རྒྱ་སྐྱེད་འགྱོ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

གལ་སྲིད་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་འབད་མ་གནང་རུང་ སློབ་གྲྭ་ལྟེ་བ་ནང་ ཐོབ་དོ་བཟུམ་མའི་ མཐུན་རྐྱེན་ཚུ་ ཕྲ་སྒོམ་སློབ་གྲྭ་ནང་ཡང་ བྱིན་ཚུགསཔ་མཛད་གནང་ཟེར་ ཞུ་ཡི།

རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་ ཀུན་བཟང་དོན་གྲུབ་གྱིས་ སླབ་མིའི་ནང་ སློབ་གྲྭ་ལྟེ་བ་ གཞི་བཙུགས་འབད་ནི་གི་ ལམ་སྟོན་དང་འཁྲིལཝ་ད་ འབུམ་སྡེ་གླིང་སློབ་གྲྭ་དང་ རམ་འཇར་སློབ་གྲྭ་༢ པོ་དེ་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་འབད་ནིའི་ འོས་འབབ་མཐོང་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལམ་སྟོན་དང་འཁྲིལཝ་ད་ སློབ་གྲྭ་ལྟེ་བ་ གཞི་བཙུགས་འབད་དགོ་པ་ཅིན་ སློབ་གྲྭ་ནང་ སློབ་ཕྲུག་ཨ་ལོ་ འཛུལ་ཞུགས་འབད་མི་ ཉུང་ཤོས་ར་ ཨ་ལོ་༥༠༠ དེ་ཅིག་ དགོཔ་སྦེ་ཡོདཔ་ལས་ ཡ་ལང་རྒེད་འོག་གི་ ཕྲ་སྒོམ་སློབ་གྲྭ་ནང་ གཞི་བཙུགས་འབད་བ་ཅིན་ སློབ་ཕྲུག་མ་ལང་པའི་ དཀའ་ངལ་འཐོན་ནི་མས་ཟེར་ དོགས་སེལ་འབད་ཡི།

ཕྲ་སྒོམ་སློབ་གྲྭ་ཆུང་བ་དེ་ཡང་ སྤྱི་ལོ་༡༩༦༤ ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ད་རེས་ སློབ་གྲྭ་དེ་ནང་ སློབ་ཕྲུག་བུམོ་༦༧ དང་ བུཚ་༦༧ བརྩིས་ཏེ་ སློབ་ཕྲུག་བསྡོམས་༡༣༤ ཡོདཔ་ཨིན་པས།

ཤེས་རིག་འགོ་དཔོན་གྱིས་ བཤད་མིའི་ནང་ ཡ་ལང་ལུ་ སློབ་གྲྭ་ལྟེ་བ་ གཞི་བཙུགས་བ་ཅིན་ མཐུན་རྐྱེན་ཁ་སྐོང་ལེ་ཤ་ཅིག་ར་ རྐྱབ་དགོཔ་འབྱུང་ནི་ཨིན་པའི་ཁར་ ཟད་འགྲོ་ཡང་ མངམ་གཏང་དགོཔ་འཐོན་ནི་མས་ཟེར་ཨིནམ་ད་ སློབ་གྲྭ་ལྟེ་བའི་ ས་ཁོངས་ཡང་ ཤེས་རིག་གི་གཞི་རྩ་ སྤུས་ཚད་དང་ འདྲ་མཉམ་ དེ་ལས་ ཡུན་བརྟན་༣ གྱི་ཐོག་ལས་ ངོས་འཛིན་འབད་ཡི་ཟེར་ཨིན་པས།

ད་རེས་ རམ་འཇར་སློབ་གྲྭ་ནང་ བློ་གསར་སློབ་རིམ་ལས་ སློབ་རིམ་༡༠ པ་ཚུན་ཡོདཔ་ལས་ མཐུན་རྐྱེན་ཚུ་ཡང་ ལེ་ཤ་ཅིག་ར་ གཞི་བཙུགས་འབད་དེ་ཡོདཔ་ད་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་འབད་རུང་ མཐུན་རྐྱེན་དེ་ཅིག་ར་ རྐྱབ་དགོཔ་མེད་ཟེར་ཨིན་པས།

རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་འབད་བ་ཅིན་ འབུམ་སྡེ་གླིང་སློབ་གྲྭའི་ཐད་ཁར་ ཁ་སྐོང་མཐུན་རྐྱེན་ ཁང་ཚན་༨ འབད་མི་ སློབ་དཔོན་གྱི་ སྡོད་ཁྱིམ་དང་ ཁང་ཚན་༤ འབད་མི་སློབ་ཁང་ དེ་ལས་ ལྟོ་བཟའ་སའི་སྒྲིང་ཁྱིམ་༡ ལས་བརྒལ་ རྐྱབ་མི་དགོ་པས་ཟེར་ཨིན་པས།

ཤེས་རིག་ལྷན་ཁག་གིས་ བཀྲིས་གཡང་རྩེ་རྫོང་ཁག་གི་ ཡ་ལང་རྒེད་འོག་ དུག་སྟོད་སློབ་གྲྭ་ཆུང་བ་དང་ མེ་ལོང་མཁར་སློབ་གྲྭ་ཆུང་བ་ སྟོད་ཚོ་རྒེད་འོག་ བྱང་ཕུག་རྩེ་སློབ་གྲྭ་ དེ་ལས་ འབུམ་སྡེ་གླིང་རྒེད་འོག་ གཏར་འཕེལ་སློབ་གྲྭ་ཆུང་བ་ཚུ་ དམིགས་བསལ་གྱི་ སློབ་གྲྭ་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ འཆར་གཞི་༡༢ པའི་ནང་ སློབ་གྲྭ་དེ་ཚུ་གིས་ གཞུང་ལས་ དམིགས་བསལ་གྱི་ རྒྱབ་སྐྱོར་ཚུ་ འཐོབ་ཚུགས་ནི་ཨིན་པས།

བཀྲིས་གཡང་རྩེ་རྫོང་ཁག་ནང་ སློབ་གྲྭ་ལྟེ་བ་༣ བརྩིས་ཏེ་ སློབ་གྲྭ་བསྡོམས་༢༨ ཡོདཔ་བཞིན་དུ་ སློབ་ཕྲུག་༥,༠༠༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *