བཀྲིས་གཡང་རྩེ་དང་ བཀྲིས་སྒང་རྫོང་ཁག་གི་ རྒེད་འོག་ལྟེ་བ་༡༣ གྱི་ འཁོར་ལམ་ཚུ་གུ་ རྩི་ནག་བཏང་ཚར་ཡོདཔ།

༉ བཀྲིས་གཡང་རྩེ་དང་ བཀྲིས་སྒང་རྫོང་ཁག་གི་ རྒེད་འོག་ལྟེ་བ་༡༣ གྱི་ འཁོར་ལམ་ཚུ་གུ་ རྩི་ནག་བཏང་ཚར་ཡོདཔ་ལས་ ཡང་གཉེར་རྒེད་འོག་གི་ མི་སེར་ཚུ་ ད་ལས་ཕར་ གནས་སྟངས་སྐྱོ་དྲགས་སྦེ་ཡོད་མི་ འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་དགོ་ནི་ཨིན་པས།
ཡང་གཉེར་ལས་ ལྕགས་ཟམ་ཚུན་ ཀི་ལོ་མི་ཊར་༡༨.༢༢ འབད་མི་ འཁོར་ལམ་དེ་གིས་ མི་སྡེ་ལུ་ སྟབས་བདེ་ཏོག་ཏོ་བཟོ་ཡོདཔ་ད་ ཡང་གཉེར་རྒཔོ་ གྲུབ་ཐོབ་ཀྱིས་ བཤད་མིའི་ནང་ འཁོར་ལམ་གུ་ རྩི་ནག་བཏང་མི་དེ་གིས་ བཀྲིས་སྒང་རྫོང་ཁག་ནང་འགྱོ་བའི་སྐབས་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་གིས་ མར་ཕབ་འབད་ཡི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཡང་གཉེར་ལས་ བཀྲིས་སྒང་ལྷོད་ནི་ལུ་ དུས་ཡུན་ཆུ་ཚོད་ཕྱེད་དང་༣ དེ་ཅིག་ འགོར་དོ་ཡོདཔ་ད་ ལམ་གྱི་གནས་སྟངས་སྐྱོ་དྲགས་ཡོད་མི་ལུ་བརྟེན་ དུས་ཚོད་ཁར་ སྨན་ཁང་ནང་ ལྷོད་མ་ཚུགས་པར་ མི་དག་པ་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།
ལམ་གྱི་གནས་སྟངས་ལུ་བལྟ་སྟེ་ གླ་འཁོར་དེད་གཡོགཔ་ཚུ་གིས་ རྒེད་འོག་ནང་ འགྱོ་མི་བཏུབ་དོ་ཡོདཔ་ད་ གལ་སྲིད་འགྱོ་རུང་ གླ་ཆ་ལོག་ལྟབ་སྦེ་ ལེན་ནི་ཡོད་ཟེར་ རྒཔོ་གིས་བཤད་ཅི།
ཨིན་རུང་ རྩི་ནག་བཏང་མི་འཁོར་ལམ་དེ་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ལས་ གཡུས་མི་ཚུ་གིས་ ཚོད་བསྲེ་བཙོང་ནིའི་ ལཱ་ཚུ་ལུ་ ཤུགས་བཏོན་དོ་ཡོདཔ་ད་ མ་འོངས་པ་ལུ་ གུང་སྟོང་འཐོན་ནིའི་དཀའ་ངལ་ཡང་ སེལ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ མི་རེ་གཉིས་ཀྱིས་ གཡུས་ཁར་ལོག་འོང་སྟེ་ སོ་ནམ་གྱི་ལཱ་ཚུ་ འབད་སར་མཐོང་དོ་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་རྫོང་ཁག་ནང་ ཚོད་བསྲེ་ཚུ་ བཙོང་པར་འགྱོ་ནི་ཡང་ ལཱ་འཇམ་ཏོང་ཏོ་ ཐལ་ཏེ་ཡོད་ཟེར་ཨིན་པས།
བཀྲིས་སྒང་དང་ བཀྲིས་གཡང་རྩེ་ དེ་ལས་ མོང་སྒར་རྫོང་ཁག་ནང་ རྒེད་འོག་ལྟེ་བའི་འཁོར་ལམ་ བསྡོམས་ཀྱིས་༢༧ བཟོ་སྐྲུན་འབད་དགོ་མི་ལས་ བཀྲིས་སྒང་ལུ་ཡོད་མི་ ལམ་སེལ་ལས་ཁུངས་ཀྱིས་ རྒེད་འོག་ལྟེ་བ་༡༣ གྱི་འཁོར་ལམ་ཚུ་ རྩི་ནག་བཏང་ཚར་ཡོདཔ་ཨིན་པས།
བཟོ་རིག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལྷག་ལུས་རྒེད་འོག་བདུན་གྱི་ འཁོར་ལམ་ཀི་ལོ་མི་ཊར་༨༣.༧༣ དེ་ འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ སང་ཕོད་སྤྱི་ཟླ་༧ པའི་ནང་ མཇུག་བསྡུ་འོང་ཟེར་ཨིན་པས།
བཀྲིས་གཡང་རྩེ་ སྟོང་གཞང་བཟུམ་ཅིག་ནང་འབད་བ་ཅིན་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ འགོ་བཙུགས་ནི་ཨིནམ་ལས་ རྩི་ནག་གཏང་ནིའི་ལཱ་ཚུ་ མཚམས་འཇོག་འབད་དེ་བཞག་ཡོདཔ་ད་ མོང་སྒར་རྫོང་ཁག་འོག་གི་ དགྲ་མེད་རྩེ་དང་ ན་རང་གི་ རྒེད་འོག་ལྟེ་བའི་འཁོར་ལམ་ཚུ་ ལོག་སེལ་དགོཔ་ལས་ རྩི་ནག་གཏང་ནི་ལུ་ དུས་ཚོད་འགོར་ནི་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་ཁོངས་ལ་ལོ་ནང་ ཆརཔ་རྐྱབ་མི་ལུ་བརྟེན་ ལཱ་འབད་མ་ཚུགས་པར་ ཟླཝ་ལས་བཅད་དེ་ འགྱོ་ཡོད་ཟེར་ཨིན་རུང་ རྩི་ནག་གཏང་ནིའི་ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ཟེར་ཨིན་པས།
རྫོང་ཁག་དེ་གཉིས་ཀྱི་ རྒེད་འོག་ལྟེ་བའི་ལམ་ཚུ་ རྩི་ནག་གཏང་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༦༨༠.༢༩༨ དེ་ཅིག་གི་ཐོག་ལས་ འགོ་བཙུགས་ཡོད་པའི་གནས་ཚུལ།

About admin

Check Also

སྤོང་ཅུ་ལ་ལུ་ གནམ་གྲུ་ཐང་རྐྱབ་ནི་གི་ འོས་འབབ་མེདཔ་བཟུམ་ཡོདཔ།

༉ མོང་སྒར་སྤོང་ཅུ་ལའི་ ས་ཁོངས་དེ་ ཆུང་ཀུ་ཡོདཔ་ལས་ རྒྱལ་སྤྱིའི་གནམ་གྲུ་ཐང་རྐྱབ་ནིའི་ འོས་འབབ་མེདཔ་བཟུམ་ཅིག་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ མོང་སྒར་གྱི་འཐུས་མི་ ཀརྨ་ལྷ་མོ་གིས་ གནམ་གྲུ་ཐང་གཞི་བཙུགས་ཀྱི་ འཆར་གཞིའི་ལས་སྣ་དེ་ …

Leave a Reply

Your email address will not be published. Required fields are marked *