བཀྲིས་གཡང་རྩེ་ཁྲོམ་ཁར་ ཚོད་བསྲེ་ཉོ་མི་ གངམ་མེད་པའི་དཀའ་ངལ།

༉ བཀྲིས་གཡང་རྩེ་ཁྲོམ་གྱི་ ཚོད་བསྲེ་བཙོང་ས་ལུ་ ཉིན་མའི་ཆུ་ཚོད་༡༡ དེ་ཅིག་ལས་ ཨང་རྒས་ཤཱཀྱ་སྒྲོལ་མ་གིས་ ཚོད་བསྲེ་ཀོ་པི་ཀེ་ཇི་༢༠ དེ་ཅིག་ མོ་རའི་ཙེའུ་ནང་ ལོག་བཙུགས་སར་ མཐོངམ་ཨིན་པས།
ཨང་རྒས་ལུ་ ཀོ་པི་ཚུ་ ག་ཏེ་འབག་ནི་སྦེ་ བཙུགསཔ་སྨོ་ཟེར་ དྲི་བའི་སྐབས་ མོ་གིས་ ཁྲོམ་ཁར་སྡོད་མི་ཚུ་ལུ་ སྟོང་པར་སྦེ་བྱིན་རུང་ ལེན་མ་བཏུབ་ལས་ ལོག་གཡུས་ཁར་འབག་སྟེ་ བྱ་གསོ་སྐྱོང་ཁང་ཡོད་མི་ཚུ་ལུ་ བྱིན་ནི་ཨིན་ཟེར་ སླབ་ཨིན་པས།
ཀོ་པི་ཚུ་ བཟའ་མ་བཏུབ་མི་ཚུ་ཨིན་ན་ཟེར་དྲིཝ་ད་ ཉོ་མི་མེདཔ་ལས་ ཐབས་ར་མེད་པར་ ལོག་འབག་འགྱོཝ་ཨིན་ཟེར་ སླབ་ཨིན་པས།
སྐྱེས་ལོ་༦༡ ལང་མི་ ཨང་རྒས་ཤཀྱཱ་སྒྲོལ་མ་གིས་ ཚོད་བསྲེ་དེ་ཚུ་ མོ་རའི་ཁྱིམ་གྱི་མཐའ་འཁོར་བཙུགས་ཡོད་མི་ ལྡུན་ར་ནང་ལས་ གཟའ་ཉི་མ་ལུ་ གཡང་རྩེ་ཁྲོམ་ཁར་ བཙོང་ནིའི་དོན་ལུ་ དྲོ་པ་ཧ་སག་ལོང་སྟེ་ འབག་འོང་ཡོད་རུང་ ཉོ་མི་མེདཔ་ལས་ ལོག་སྟེ་ར་ གཡུས་ཁར་འབག་འགྱོཝ་ཨིན་པས།
ཨང་རྒས་ཀྱིས་ བཤད་མིའི་ནང་ མོ་གིས་ ལ་ཕུག་འབག་མི་ཚུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ རེ་སྦེ་ བཙོང་ཚར་རུང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ རེ་སྦེ་མི་ ཀོ་པི་ཚུ་ བཙོང་མ་ཚར་ཟེར་ཨིན་པས།
མོ་བཟུམ་སྦེ་ སྐྱེས་ལོ་༥༣ ལང་མི་ བ་རྩེ་མང་ལས་ཨིན་མི་ ཡེ་ཤེས་དཔལ་སྒྲོན་གྱིས་ཡང་ ཚོད་བསྲེ་བཙོང་མ་ཚར་མི་ཚུ་ བྱ་ཚུ་ལུ་བྱིན་ནི་སྦེ་ ལོག་འབག་འགྱོཝ་ཨིན་པས།
མོ་གིས་སླབ་མིའི་ནང་ ཁྲོམ་ཁར་སྡོད་མི་ཚུ་གིས་ ཚོད་བསྲེ་ལྡུམ་ར་མ་བཟོ་སྟེ་འབད་རུང་ བཙོང་མི་ལེ་ཤ་ཡོད་ནི་དེ་གིས་ ཉོ་མི་ཚུ་ལུ་ ཚོད་བསྲེ་དཀོན་པའི་དཀའ་ངལ་མེདཔ་ལས་ བདུན་ཕྲག་ཨ་རྟག་ར་ ཚོད་བསྲེ་ལྷག་ལུས་ཚུ་ ལོག་གཡུས་ཁར་ འབག་འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
ཉོ་མི་དེ་ཅིག་མེདཔ་ལས་ ཚོད་བསྲེ་བཙོང་མ་ཚུགས་པའི་ཚ་གྱང་གིས་ སྐྱེས་ལོ་༦༡ ལང་མི་ ཨང་རྒས་སངས་རྒྱས་ལྷ་མོ་གིས་ ཚོད་བསྲེ་ཉོ་མི་ཚུ་ལུ་ མོ་ར་ ལོ་ན་རྒས་རུང་ བོ་རོ་ཀ་ལི་ མོ་བཟུམ་སྦེ་ར་ ལོ་ན་མ་རྒས་པར་ཡོདཔ་ལས་ ཉོ་འབག་ཟེར་དགོད་བྲོ་བསྒྱུར་སྡོདཔ་ཨིན་པས།
ཚོད་བསྲེ་བཙོང་མི་ཚུ་ག་ར་ འབུམ་སྡེ་གླིང་གཡུས་ཚན་ཚུ་ནང་ལས་ཨིན་པའི་ཁར་ གཡུས་མི་ཚུ་གིས་ ཐག་ཉེ་ཤོས་ར་ གཡང་རྩེ་ཁྲོམ་ཨིནམ་ལས་ གཟའ་ཉི་མ་དང་ ཟླ་བའི་ཚེ་ བཙོང་པར་འབག་འོང་དོ་ཡོད་རུང་ མང་ཤོས་ཀྱིས་ རེས་གཟའ་ཉི་མའི་ཚེ་ འབག་འོང་དོ་ཡོདཔ་ཨིན་པས།
དུས་ཚོད་ འ་ནེམ་ཅིག་ཁར་ གཡུས་མི་ཚུ་གིས་ ཚོད་བསྲེ་མཇུག་བཟུམ་ཅིག་སྦེ་ འབག་འོང་མི་ ལེ་ཤ་ཐོན་མི་དེ་ཡང་ ཤུལ་མམ་གི་ཟླཝ་ནང་ལས་ ལྕང་ལཱ་རྐྱབ་ནིའི་ དུས་ཚོད་འབད་ནི་དེ་གིས་ཨིན་པས།
སྐྱེས་ལོ་༢༧ ལང་མི་ ཨ་ལོ་༢ ཀྱི་ཨའི་ ཡེ་ཤེས་ཆོས་སྒྲོན་གྱིས་ ཚོད་བསྲེ་ཙེའུ་༣ འབག་འོང་ཡོདཔ་ད་ མོ་གིས་ བདུན་ཕྲག་རེ་ནང་ ག་ར་བཙོང་ཚུགས་པ་ཅིན་ དངུལ་ཀྲམ་༣༠༠༠ དེ་རེ་ འཐོབ་ཚུགས་ནི་ཡོད་ཟེར་ཨིན་པས།
མོ་གི་ཆ་རོགས་ ཐུགས་རྟེན་དབང་མོ་གིས་ཡང་ ཚོད་བསྲེ་མཇུག་སྦེ་ བཙོང་པར་འབག་ཡོདཔ་ད་ མོ་གིས་ བདུན་ཕྲག་དག་པ་ཅིག་གི་ཤུལ་ལས་ ཀེ་བ་ཚུ་ བཙོང་ནིའི་དུས་ཚོད་ཨིན་ཟེར་ཨིན་རུང་ ཉོ་མི་མེད་པའི་དཀའ་ངལ་ སྦོམ་ཡོདཔ་ལས་ ཚོད་བསྲེ་ཚུ་མེདཔ་ཐལཝ་མས་ཟེར་ཨིན་པས།
གཡུས་ཚན་དེ་ནང་ ཚོད་བསྲེའི་ལཱ་འབད་མི་ ལེ་ཤ་ཡོད་རུང་ བཙོང་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ གཡུས་མི་ཚུ་གིས་ འོང་འབབ་ཀྱི་ལཱ་འབད་ནི་ལུ་ འཕྲལ་འཕྲལ་སྐབས་ སྤྲོ་བ་ཡང་ཞན་འགྱོཝ་མས་ཟེར་ སླབ་ནི་འདུག།
ཨིན་རུང་ ཁོང་གིས་ ཚོད་བསྲེ་ལུ་བརྟེན་ འོང་འབབ་དུམ་གྲ་རེ་ བཟོ་ཚུགས་ནི་དེ་གིས་ ཚོད་བསྲེ་མེདཔ་ ག་དེ་ཅིག་ཐལ་རུང་ ལཱ་ཚུ་འབད་བཞིན་དུ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ ས་གནས་གཞན་ཁར་ བཙོང་པར་འགྱོ་དགོ་པ་ཅིན་ ཀི་ལོ་མི་ཊར་༣༠ དེ་ཅིག་གི་ས་ཁར་ཡོད་མི་ དོག་གསུམ་ཁྲོམ་ཁར་ འགྱོ་དགོ་ནི་ཨིན་རུང་ དེ་ནང་ཡང་ ཉོ་མིའི་དཀའ་ངལ་ཡོདཔ་ལས་ འབུམ་སྡེ་གླིང་གཡུས་མི་ཚུ་གིས་ གཡང་རྩེ་ཁྲོམ་ཁར་བཙོང་ནི་ལུ་ར་ གདམ་ཁ་རྐྱབ་དོ་ཡོད་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ བཀྲིས་བསྟན་འཛིན།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *