༉ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ལུ་བརྟེན་ ལཱ་གཡོག་འཚོལ་མི་དང་ ལཱ་གཡོག་གི་ ངོ་ཚབ་ལས་སྡེ་ཚུ་གིས་ ཕྱི་རྒྱལ་ལས་ཕར་ ལཱ་གཡོག་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཏོནམ་བཞིན་དུ་ དེ་དང་བསྟུན་པའི་ གདོང་ལེན་ཚུ་ཡང་ འདྲ་མིན་སྣ་ཚོགས་བྱུངམ་ཨིན་མས།
འབྲུག་ལུ་ ལཱ་གཡོག་གི་ གདོང་ལེན་སྦོམ་བྱུང་པའི་ ནམ་དུས་ལུ་ ལཱ་གཡོག་མེད་མི་ ན་གཞོན་ཚུ་ ཕྱི་རྒྱལ་ལུ་ ལཱ་གཡོག་ཐོབ་པ་ཅིན་ ལཱ་གཡོག་གི་ དཀའ་ངལ་སེལ་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་རུང་ ལས་རིམ་དེ་ ཚོང་འབྲེལ་ལུ་ གྱུར་སོཔ་ལས་ འབྲུག་མི་ཚུ་ལུ་ བཀོལ་སྤྱོད་འབད་བའི་ ལོ་རྒྱུས་ཚུ་ཡང་གོཝ་མས།
ད་ཚུན་གྱི་བར་ན་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ཚུ་བརྒྱུད་དེ་ འབྲུག་མི་ན་གཞོན་སྟོང་ཕྲག་ལས་བཅད་དེ་ མི་ཌཱལ་ཨིསིཊ་རྒྱལ་ཁབ་ཚུ་གིས་མ་དོ་བར་ མ་ལ་ཤི་ཡ་དང་ ཇ་པཱན་ རྒྱ་གར་ཚུ་ནང་ ལཱ་འབད་བར་ བཏང་པའི་ཤུལ་ལས་ མི་སྡེ་དཔལ་འབྱོར་དང་འབྲེལ་བའི་ བཀོལ་སྤྱོད་དང་ དཀའ་སྡུག་མྱོང་མི་དེ་ བཟོད་བསྲན་འབད་མ་ཚུགསཔ་ཅིག་ཨིན་མས།
ཕྱི་རྒྱལ་ལུ་ ལཱ་འབད་བར་སོང་མི་ ན་གཞོན་ལ་ལོ་ཅིག་ ཐུག་རྐྱེན་ནང་ ཤི་རྐྱེན་དང་ ལ་ལོ་རང་སྲོག་བཅད་པའི་ གན་དོན་ཐོན་ཡོདཔ་མ་ཚད་ ཨམ་སྲུ་ལ་ལོ་ཅིག་ རྩུབ་སྤྱོད་དང་ གནོད་འཚེ་ལུ་བརྟེན་ ཀུ་ཝེཊ་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ ཉེན་སྐྱོབ་འབད་དགོཔ་བྱུང་ནུག།
ད་རུང་ སྤྱི་ཟླ་༡༢ པའི་ཚེས་༥ གི་དྲོ་པར་ ཇ་པཱན་ལུ་ འབྲུག་མི་སློབ་ཕྲུག་ཕོ་སྐྱེས་ཅིག་ རྣམ་རྟོག་ལང་སི་སི་སྦེ་ ཤི་རྐྱེན་བྱུང་མི་དེ་གིས་ ཕྱི་རྒྱལ་ལུ་ ལཱ་འབད་བར་ གཏང་ནི་དེ་ ཉེན་སྲུང་མེདཔ་ ཡང་བསྐྱར་དུ་ གསལ་སྟོན་འབད་ཡི།
འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མ་ཡང་ ཇ་པཱན་གྱི་ཁྲོམ་སྡེ་ ཕུ་ཀ་ཀོ་གཙུག་ལག་སློབ་སྡེའི་ནང་ ཇ་པཱན་གྱི་ ཁ་སྐད་ལྷབ་སྦྱང་འབད་མི་ ཨམ་སྲུ་ཅིག་ལུ་ བད་ཀན་ནད་ཐོབ་མི་ལུ་བརྟེན་ ད་ལྟོའི་བར་ན་ཡང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ ད་རེས་འབདཝ་ད་ ཤེས་ཡོན་སྦྱང་བརྩོན་དང་འབྲེལ་ ལཱ་འབད་ཐོག་ལས་ འོང་འབབ་བཟོ་བར་འགྱོ་མི་ སློབ་ཕྲུག་ཅིག་གིས་ རང་སྲོག་བཅད་ཡོད་པའི་ གནས་ཚུལ་གོཝ་ད་ ང་བཅས་ག་ར་ལུ་ མནོ་བསམ་གཏང་མ་ཚུགསཔ་ཅིག་ཨིན་མས།
མ་གཞི་ ལྷབ་སྦྱང་དང་ ལཱ་གཡོག་འབད་དེ་ འོང་འབབ་བཟོ་ནིའི་ ལས་རིམ་དེ་ འབྲུག་གི་ན་གཞོན་ཚུ་གི་ རིག་རྩལ་དང་ ལྕོགས་གྲུབ་ཡར་དྲག་བཟོ་ཐོག་ལས་ རང་གི་རྐངམ་གུ་ རང་ལོང་སྡོད་ཚུགསཔ་ བཟོ་ནི་གི་ ཐབས་ལམ་ལེགས་ལྡན་ཅིག་ཨིན་རུང་ ཉིནམ་གཅིག་བ་ཉིནམ་གཅིག་ དཀའ་ངལ་ཚབས་ཆེན་དང་ ཚེ་སྲོག་ལུ་ བར་ཆད་བྱུང་མི་ མང་སུ་ཐོན་མི་དེ་ གཙོ་བོ་ར་ འབྲེལ་ཡོད་དབང་འཛིན་ཚུ་གི་ཧོངས་ལས་ ལྟ་རྟོག་སྒྲིང་སྒྲི་དང་ ངོས་ལེན་དམ་དམ་མ་འབད་བའི་ གནད་ལུ་བརྟེན་ཨིན་མས།
ཕྱི་རྒྱལ་ལཱ་གཡོག་ལས་རིམ་ཚུ་ ལྟ་རྟོག་དམ་སྒྲིང་ཐོག་ བསྟར་སྤྱོད་མ་འབད་བའི་ སྐྱོན་ལུ་བརྟེན་ ད་རེས་ནངས་པར་ ལཱ་གཡོག་བྱིན་མི་ཚུ་གིས་ གོ་སྐབས་ལེན་ཐོག་ལས་ ན་གཞོན་ཚུ་ བཀོལ་སྤྱོད་ཐོག་ དངུལ་ཕོགས་དང་ གླ་ཆ་ཚུ་ ག་ནི་བ་ ཉུང་སུ་སྤྲོད་དོ་ཡོད་པའི་ ཁ་ཉེས་ཚུ་ཡང་ཡོདཔ་ད་ ཇ་པཱན་བཟུམ་ཅིག་ལུ་ ཆ་བཞག་པ་ཅིན་ འབྲུག་མི་ན་གཞོན་༧༠༠ དེ་ཅིག་ཡོད་མི་ལས་༣༠ ལྷགཔ་ཅིག་ རྒྱལ་ཁབ་ནང་ བྱ་ཐབས་མེད་པར་ ལོག་འོང་དགོཔ་བྱུང་ནུག།
ན་གཞོན་ཚུ་ དངུལ་འབྲེལ་ལས་ཁང་ཚུ་ལས་ ཤེས་ཡོན་གྱི་ སྐྱིན་འགྲུལ་ཐོག་ ཇ་པཱན་ལུ་ བཏང་ཡོད་རུང་ མང་ཤོས་ཀྱིས་ར་ སྐྱིན་ཚབ་བཏབ་མ་ཚུགས་པར་ཡོདཔ་ལས་ ཕམ་ཉམ་ཆུང་ཚུ་ལུ་ ཧེང་སྐལ་ར་ དཀའ་སྡུག་ཕོག་སྟེ་ཡོདཔ་ད་ ཕམ་ལ་ལོ་གིས་ ཁྲིམས་གཏུགས་འབད་ནི་གི་ ལོ་རྒྱུས་ཚུ་ཡང་ བཤདཔ་ཨིན་མས།
འདི་བཟུམ་མའི་ གདོང་ལེན་དང་ དཀའ་ངལ་སྣ་ཚོགས་ཡོད་མི་ལུ་ བལྟ་བ་ཅིན་ གཞུང་གིས་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ཚུ་ བསྐྱར་ཞིབ་མཐིལ་ཕྱིན་འབད་དེ་ རྒྱལ་ཁབ་ཕྱི་ནང་ལུ་ ལཱ་འབད་མི་ ན་གཞོན་ཚུ་ལུ་ ཉེན་སྲུང་ཡོདཔ་ ངེས་བརྟན་བཟོ་ནི་དེ་ ག་ནི་བ་ གལ་ཆེཝ་སྦེ་མཐོངམ་མས།
ད་རེས་ནངས་པར་ འབྲུག་མི་མང་ཤོས་ཅིག་གིས་ར་ ཕྱི་རྒྱལ་ལུ་ ལཱ་གཡོག་འཚོལ་བར་ ག་ཐོབ་རྐྱབ་པའི་ ནམ་དུས་ལུ་ གཞུང་གི་ཁ་ཐུག་ལས་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ག་ར་ ཕྱི་རྒྱལ་ལུ་ ཉེན་སྲུང་ཡོདཔ་ བཟོ་ནི་དང་ ཁོང་ལུ་ བྱ་སྟབས་མ་བདེཝ་ཐོན་རུང་ སེལ་ཐབས་འབད་ཚུགས་པའི་ ཐབས་བྱུས་ཚུ་ ངེས་པར་དུ་ བཏོན་དགོཔ་འདུག།
Check Also
ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།
༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …