འགོ་ཁྲིད་གོང་འཕེལ་ལས་རིམ་ནང་ གྲལ་གཏོགས་འབད་མི་ཚུ།

བཀོད་ཁྱབ་འགོ་དཔོན་༡༦ གིས་ འགོ་ཁྲིད་གོང་འཕེལ་ལས་རིམ་ནང་ གྲལ་གཏོགས་འབད་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༢༡ ལས་༢༣ ཚུན་ ཐིམ་ཕུག་ལུ་སྦེ་ ཨམ་སྲུ་༡༡ དང་ ཕོ་སྐྱེས་༥ བརྩིས་ཏེ་ ཞི་གཡོག་ནང་ལས་ བཀོད་ཁྱབ་འགོ་དཔོན་༡༦ གིས་ ཨཱསི་ཊེ་ལི་ཡ་ ཨེ་ཝཱཌ་དུས་ཐུང་སྦྱོང་བརྡར་གྱི་ མཐའ་དཔྱད་ཆ་ཤས་ཀྱི་ བཀོད་ཁྱབ་འགོ་ཁྲིད་གོང་འཕེལ་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཨཱསི་ཊེ་ལི་ཡ་གི་ ཕྱི་འབྲེལ་དང་ཚོང་འབྲེལ་ལས་ཁུངས་ལས་ལྷོད་མི་ གནས་ཚུལ་གསར་བཏོན་ནང་ བཀོད་མི་དང་འཁྲིལཝ་ད་ ལས་རིམ་དེ་ གདམ་འཐུ་འབད་མི་ ཞི་གཡོགཔ་འཇོན་ཐངས་ཅན་ཚུ་གི་དོན་ལུ་ ཨིན་ཟེར་ཨིན་པས།
ལས་རིམ་དེ་གིས་ དམིགས་དོན་གཙོ་བོ་ར་ ཞི་གཡོག་ནང་ལས་ བཀོད་ཁྱབ་འགོ་དཔོན་ཚུ་ འགོ་ཁྲིདཔ་གི་ ལྕོགས་གྲུབ་ཡར་དྲག་གཏང་ཐོག་ལས་ ལཱ་གི་གནས་སྟངས་ནང་ བསྒྱུར་བ་འབག་ནི་ཨིནམ་མ་ཚད་ ས་གནས་གཞུང་དང་ གཞུང་ལྟེ་བ་ཚུ་ནང་ བཀོད་ཁྱབ་ཨམ་སྲུ་ཚུ་ལུ་ རྒྱབ་སྐྱོར་བྱིན་ནིའི་དོན་ལུ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།
ལས་རིམ་དེ་ཡང་ ཀུ་ཡིན་ལེནཌ་གཙུག་ལག་སློབ་སྡེ་གིས་ ཡོངས་འབྲེལ་ཐོག་ལས་ ལྷབ་སྦྱང་འབད་ནི་དང་ ཨཱསི་ཊེ་ལི་ཡ་སྦྱོང་བརྡར་མཁོ་སྤྲོད་འབད་ཡོདཔ་ད་ མཐའ་དཔྱད་ནང་འཁོད་སྦྱོང་བརྡར་དེ་ རྒྱལ་ཁབ་ནང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ཨཱསི་ཊེ་ལི་ཡའི་ མཁོ་སྤྱོད་སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་གིས་ འགོ་ཁྲིད་སྦྱོང་བརྡར་དང་ ཚོང་འབྲེལ་མཁས་མཆོག་ དེ་ལས་ སློབ་སྟོན་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ འཆར་གཞི་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ འབྲེལ་མཐུན་ཤེས་ཡོན་གསརཔ་ཚུ་ ཐོབ་ཅི་ཟེར་ཨིན་པས།
དེ་ལས་ བཅའ་མར་གཏོགས་མི་ཚུ་གིས་ རྒྱལ་ཁབ་ནང་ལྷོད་པའི་སྐབས་ ལཱ་གི་ས་ཁོངས་ནང་ རང་སོའི་འཆར་གཞི་ཚུ་ ལག་ལེན་འཐབ་ཡོདཔ་མ་ཚད་ ནང་འཁོད་སྦྱོང་བརྡར་ནང་ ཁོང་གིས་ ཆ་རོགས་ཚུ་ལུ་ཡང་ ཡོན་ཏན་དང་ གྲུབ་འབྲས་ཚུ་ བརྗེ་སོར་འབད་ནུག།
རྒྱལ་སྤྱི་ཨཱསི་ཊེ་ལི་ཡ་སློབ་གཉེར་དེ་ ཁྱད་འཕགས་ཅན་ཅིག་ཨིནམ་ད་ དུས་ཐུང་སྦྱོང་བརྡར་དེ་ཡང་ ཨཱསི་ཊེ་ལི་ཡ་གཞུང་གིས་ མ་དངུལ་རྒྱབ་སྐྱོར་འབད་ཡོདཔ་ད་ དུས་ཐུང་སྦྱོང་བརྡར་ཚུ་ཡང་ འཛམ་གླིང་མི་ཚེ་ཤུལ་མའི་ འགོ་ཁྲིདཔ་ཚུ་ལུ་ དུས་ཡུན་ཐུང་ཀུའི༌ཤེས་ཡོན་སྦྱོང་བརྡར་དང་ ཞིབ་འཚོལ་ དེ་ལས་ ཁྱད་རིག་གོང་འཕེལ་གྱི་ སྦྱོང་བརྡར་གོ་སྐབས་བྱིན་ནི་དེ་ ཕྱི་འབྲེལ་ལྷན་ཁག་གི་ གཙོ་རིམ་ཅིག་ཨིན་པས།
དུས་ཐུང་སྦྱོང་བརྡར་དེ་གིས་ ཨཱསི་ཊེ་ལི་ཡ་ནང་འཁོད་དང་ ཨིན་ཌོ་པེ་སི་ཕིཊ་ལུང་ཕྱོགས་ནང་ ཕུན་ཚུན་བར་ན་ ཕན་ཐོགས་ཅན་གྱི་ འབྲེལ་མཐུན་བཟོ་ཚུགས་ནི་ཨིནམ་མ་ཚད་ ཁྱད་འཕགས་ཅན་གྱི་རིག་རྩལ་དང་ ཤེས་ཡོན་ལ་སོགས་པ་ འཐོབ་ཚུགས་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *