བཀོད་ཁྱབ་མདོ་ཆེན་བགྲེསཔ་གིས་ ལོག་ལཱ་གཡོག་ནང་ བཙུགས་དགོ་པའི་ཞུ་བ།

༉ བཀོད་ཁྱབ་མདོ་ཆེན་བགྲེསཔ་ བསོད་ནམས་རྡོ་རྗེ་གི་རྒྱབ་མི་ ཀརྨ་ལྷུན་རྩེ་གིས་ རྒྱལ་གཞུང་ཉེན་བཅོས་ལས་འཛིན་གྱིས་ འགན་གྲོལ་བཀའ་རྒྱ་བཏོན་མི་དེ་ ཁྲིམས་འགལ་ཨིནམ་ལས་ ཁྲིམས་འདུན་གྱིས་ ངན་ལྷད་ཨིན་པའི་འཁྲུན་ཆོད་མ་གནང་ཚུན་ ལཱ་གཡོག་ནང་ ལོག་བཙུགས་ནི་དང་ ཡང་ཅིན་ དགོངས་ཕོག་ནང་ བཞག་དགོ་པའི་བཀའ་རྒྱ་ གནང་དགོ་པའི་ཞུ་བ་འབད་ཡི།
དེ་མིན་ དགོངས་ཞུ་འབད་ནི་ཟེར་རུང་ ངོས་ལེན་ཡོདཔ་ལས་ ལོ་ངོ་༦༠ ཚུན་ ལཱ་འབད་ཚུགས་ནི་ཨིནམ་ལས་ ལོ་དེ་ཚུན་གྱི་ ཐོབ་ལམ་ཚུ་ རྩིས་རྐྱབ་སྟེ་ བྱིན་དགོ་པའི་ བཀའ་རྒྱ་གནང་ཟེར་ཞུ་ཡི།
དེ་མ་ཚད་ བསོད་ནམས་རྡོ་རྗེ་ལུ་ ཉེས་པ་མེད་རུང་ བརྡ་བརྒྱུད་ཚུ་ནང་ལས་ཕར་ ཉེས་པ་ཡོདཔ་བཟུམ་སྦེ་ གནས་ཚུལ་གསར་བཏོན་འབད་མི་དེ་གིས་ སེམས་སྡུག་བྱུང་ཡོདཔ་ལས་ རྒུད་འཐུས་དགོ་པའི་ཁར་ ཐོབ་ལམ་ཚུ་ཡང་ བཀག་འཛིན་འབད་དེ་ བཞག་མི་དེ་གིས་ འཚོ་བ་སྐྱོང་ནི་ལུ་ དཀའ་ངལ་ཡོདཔ་མ་ཚད་ གཞན་ཁར་ལཱ་འབད་ནིའི་ གོ་སྐབས་ཡང་ བཀག་ཆ་འབད་ཡོདཔ་ལས་ དེ་ཚུ་ཡང་ སྤྲོད་དགོ་པའི་བཀའ་རྒྱ་གནང་ཟེར་ ཁྲིམས་འདུན་ལུ་ ཞུ་ཡི།
དེ་ལས་ ཁོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་མི་ སྙན་ཞུ་ལ་ལོ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡོད་པའི་ཁར་ ལས་འཛིན་གྱི་ཡིག་ཚང་ལུ་ བདག་སྐྱོང་དང་འབྲེལ་བའི་ ཉེས་འཛུགས་འབད་ཡོད་མི་ལུ་ ཁྲིམས་བཀལ་མི་དེ་ཡང་ ཁྲིམས་མཐུན་ཨིན་ན་མིན་ན་ གཟིགས་ཞིབ་འབད་གནང་ཟེར་ཞུ་ཡི།
ཀརྨ་ལྷུན་རྩེ་གིས་ འགན་གྲོལ་བཀའ་རྒྱ་བཏང་མི་དེ་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ བཀོད་ཁྱབ་མདོ་ཆེན་བགྲེསཔ་ལུ་ དགྲ་ལན་སྦེ་ ལག་ལེན་འཐབ་ནིའི་ ཉེན་ཁ་ཡོདཔ་ལས་ ཁྲིམས་འགལ་གྱི་འགན་གྲོལ་དེ་ ཁྲིམས་མཐུན་བཟོ་ནི་མེད་པའི་ བཀའ་རྒྱ་ཡང་ གནང་དགོ་པའི་ཞུ་བ་འབད་ཡི།
ལས་འཛིན་གྱི་ ལས་གཡོག་བཅའ་ཡིག་དང་སྒྲིག་གཞི་.༡༡ དང་འཁྲིལཝ་ད་ འགན་གྲོལ་གཏང་ནི་ཨིན་པ་ཅིན་ ཉེས་འཛུགས་ཚུ་ ཡིག་ཐོག་ལུ་འབྲི་སྟེ་ བྱིན་དགོ་པའི་ཁར་ སྒྲིག་གཞི་དང་འཁྲིལཝ་ད་ ཉིན་གྲངས་༡༥ འི་ནང་འཁོད་ལུ་ ཉེས་འཛུགས་ཀྱི་ལན་ཚུ་ ལེན་མ་ལེན་དང་ རྒྱུ་མཚན་དང་ལྡན་པའི་ གྲོས་ཆོད་འབྲི་ཐོག་ལས་ སྤྲོད་དགོཔ་སྦེ་ཡོད་རུང་ མ་སྤྲོདཔ་ལས་ ཁྲིམས་འགལ་ཨིན་པས་ཟེར་ཞུ་ཡི།
ཀརྨ་ལྷུན་རྩེ་གིས་ འགན་གྲོལ་བཀའ་རྒྱ་དེ་ར་ ཁྲིམས་འགལ་ཨིནམ་ལས་ ངོས་ལེན་འབད་ནིའི་ འོས་འབབ་མིན་འདུག་ཟེར་ཞུ་བའི་ཁར་ ད་ལྟོའི་ རྩོད་བཤེར་གྱི་ཉེས་འཛུགས་འབད་མི་དེ་ སྤྱི་ལོ་༢༠༠༩ གི་ཧེ་མར་ འབད་ཡོདཔ་ལས་༢༠༡༦ གི་ ལས་འཛིན་གྱི་ ལས་གཡོག་བཅའ་ཡིག་དང་སྒྲིག་གཞི་དང་འཁྲིལ་ ཉེས་ཁྲིམས་བཀལ་ནི་དེ་ འོས་འབབ་མིན་འདུག་ཟེར་ཞུ་ཡི།
ལས་འཛིན་གྱི་ ཁྲིམས་དོན་འགོ་དཔོན་ ཕུརཔ་རྡོ་རྗེ་གིས་ ཧེ་མ་ ཞུ་དོ་བཟུམ་སྦེ་ར་ འགན་གྲོལ་མ་གཏང་པའི་ཧེ་མར་ བཀོད་ཚོགས་ཀྱིས་ བཀོད་ཁྱབ་མདོ་ཆེན་བགྲེསཔ་ལུ་ དོགས་སེལ་འབད་ནིའི་ གོ་སྐབས་བྱིན་ནུག་ཟེར་ཨིནམ་ད་ ཁོ་གི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ནང་ རྩོད་གཞི་ཡོད་མི་དེ་ ད་ལྟོའི་རྩོད་བཤེར་དང་ རྩ་ལས་མ་འདྲ་ནི་དེ་གིས་ སླ་བསྲེ་དགོཔ་མེད་ཟེར་ཞུ་ཡི།
བསོད་ནམས་རྡོ་རྗེའི་ ལག་ལེན་ལུ་བལྟ་སྟེ་ བཀོད་ཚོགས་ཀྱིས་ ག་ནི་ཡང་ མ་ཐོབ་སྦེ་ བཏོན་གཏང་ནིའི་ འོས་འབབ་ཡོད་རུང་ ཁོ་ར་ ལཱ་གཡོག་ནང་ ལོ་ངོ་མང་རབས་ཅིག་སྡོད་པའི་ཁར་ ཁྱད་པར་ཡང་ བཟོ་ཡོད་ནི་དེ་གིས་ ཁོ་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ ཐོབ་ལམ་ཚུ་ཡང་བྱིན་ཏེ་ འགན་གྲོལ་བཏང་ནུག་ཟེར་ཞུ་ཡོདཔ་ད་ རྩོད་བཤེར་གྱི་ བརྒལ་ལན་དེ་ སྤྱི་ཟླ་༤ པའི་ཚེས་༥ ལུ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *