ཁས་བླངས་པ་ཚུ་གིས་ ལྗགས་ལུང་ཞུ་མི་ཚུ་སྡོད་སའི་ ས་ཁོངས་ནང་ ཕྱགས་བདར་རྐྱབ་པའི་བསྒང་།

བཀའ་འགྱུར་ལྗགས་ལུང་གནང་སར་ ཕྱགས་སྙིགས་ཀྱི་ དཀའ་ངལ་གངམ་མེདཔ།

༉ ཐིམ༌ཕུག༌ཀུན༌གསལ༌ཕོ༌བྲང༌ལུ༌ སྐྱབས༌རྗེ༌རྗེ༌མཁན༌རིན༌པོ་ཆེ༌ མཆོག༌གིས༌ རྒྱལ༌བའི༌གསུང༌རབ༌ ཆེན༌མོ༌ བཀའ༌འགྱུར༌གྱི༌ལྗགས༌ ལུང༌གནང༌སར༌ ཁས་བླངས་ཀྱི་ཐོག་ལས་ ཕྱགས༌བདར༌གྱི༌ ལས༌རིམ༌ འགོ༌འདྲེན༌ཐོག༌ལས༌ ཞབས༌ཏོག༌ཞུ༌མི༌ ལེ༌ཤ༌ཐོན༌དོ༌ ཡོདཔ༌ཨིན༌པས།
ཨིན་རུང་ ལྗགས་ལུང་གནང་སར་ ཕྱགས་སྙིགས་ཀྱི་དཀའ་ངལ་ སྦོམ་ཅིག་མེདཔ་ད་ དེ་ཡང་ བཀའ་འགྱུར་ལྗགས་ལུང་གི་ འགོ་འདྲེན་ཚོགས་ཆུང་གིས་ མི་མང་ལུ་ ཕྱགས་སྙིགས་བདག་འཛིན་འབད་དགོ་པའི་སྐོར་ལས་ དུས་དང་དུས་སུ་ གོ་བ་བརྡ་སྤྲོད་འབད་ནི་དེ་གིས་ཨིན་པས།
འཕྲལ་ཁམས་ཅིག་ཁར་ དུད་འགྲོ་རང་དབང་ཞི་བདེ་ཚོགས་ཆུང་གིས་ ཕྱགས་བདར་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ཡང་ ཕྱགས་སྙིགས་ཉུང་སུ་ཅིག་ལས་བརྒལ་ བསྡུ་བསྒྱོམ་འབད་མ་ཚུགས་མི་དེ་ཡང་ དེ་ཁར་ ཕྱགས་སྙིགས་གངམ་མེད་ནི་དེ་གིས་ཨིན་པས།
བཀའ་འགྱུར་ལྗགས་ལུང་གནང་སའི་ མཐའ་འཁོར་ལུ་ ལུང་ཞུ་སྡོད་མི་༣,༠༠༠ ལྷགཔ་ཅིག་ གུར་༦༠༠ ལྷགཔ་ཅིག་ནང་ སྡོད་དོ་ཡོདཔ་ཨིན་རུང་ ཕྱགས་སྙིགས་ཀྱི་ དཀའ་ངལ་མེདཔ་ད་ དེ་ཁར་ སྡོད་མི་ཚུ་གིས་ སླབ་མིའི་ནང་ མ་གཞི་ཕྱགས་སྙིགས་དུམ་གྲ་རེ་ འཐོན་ནི་ཡོད་རུང་ དེ་ཚུ་ བསྡུ་བསྒྱོམ་འབད་དེ་ ས་དོང་དང་ ཕྱགས་སྙིགས་ཀྱི་ཧོད་ཚུ་ནང་ བཀོག་དོ་ཟེར་ཨིན་པས།
ཕྱགས་སྙིགས་འཛིན་སྐྱོང་གི་དོན་ལུ་ ལས་སྡེ་གཞན་ཚུ་གིས་ རྒྱབ་སྐྱོར་འབད་དོ་ཡོདཔ་མ་ཚད་ ལ་ལོ་ཅིག་ ཨམ་སྲུ་སྡེ་ཚན་བཟོ་ཐོག་ལས་ ལྗགས་ལུང་གནང་ཁང་དང་ དེའི་འདུན་ཕྱོགས་ལུ་ཡོད་མི་གུར་ཚུ་ དྲོ་པ་ཨ་རྟག་ར་ ཕྱགས་བདར་རྐྱབ་མི་ཡོདཔ་ཨིན་པས།
དེའི་གྲས་ལས་ སྐྱེས་ལོ་༣༨ ལང་མི་ ཚེ་དབང་ལྷ་མོ་གིས་ སླབ་མིའི་ནང་ མོ་གིས་ ཕྱགས་བདར་རྐྱབ་ནི་ལུ་ ཁས་བླངས་འབད་མི་དེ་ཡང་ དེ་བཟུམ་གྱི་ཆོས་འཁོར་བསྐོར་གནང་སར་ ཞབས་ཏོག་དུམ་གྲ་ཅིག་ཞུ་རུང་ བསོད་ནམས་དཔག་ཏུ་མེདཔ་ བསག་ནིའི་ལོ་རྒྱུས་ཚུ་ ནང་པའི་ཆོས་ནང་ གསུངས་བཞག་ཡོདཔ་ལས་ མོ་གིས་ཡང་ དེ་བཟུམ་གྱི་ཞབས་ཏོག་ཞུ་ཐོག་ལས་ ཚེ་རབས་ཐོག་མ་མེད་པ་ལས་བསགས་མི་ སྡིག་སྒྲིབ་དག་བཅུག་ནིའི་ སྨོན་ལམ་བཏབ་དོ་ཟེར་ཨིན་པས།
ལས་སྡེ་ ལ་ལོ་ཅིག་གིས་ གསང་སྤྱོད་འཕྱག་ནིའི་ནང་ ཞབས་ཏོག་ཞུ་ཡོདཔ་ད་ དེ་ཡང་ འཕྲལ་ཁམས་ཅིག་ཁར་ འབྲུག་གསང་སྤྱོད་ལས་ཚོགས་ཀྱིས་ ཀུན་གསལ་ཕོ་བྲང་གི་ མཐའ་འཁོར་ལུ་ཡོད་པའི་ གསང་སྤྱོད་ཚུ་ག་ར་ འཕྱག་ནི་ལུ་གྲོགས་རམ་འབད་ནུག།
ས་ཁོངས་དེ་ནང་ གསང་སྤྱོད་༧༨ ཡོད་ས་ལས་༣༨ མི་མང་གི་དོན་ལུ་ཨིནམ་ད་ དེ་ཚུ་ ཧིང་སངས་ས་བཞག་ནིའི་དོན་ལུ་ རྒྱལ་བའི་བཀའ་འགྱུར་ལྗགས་ལུང་ འགོ་འདྲེན་ཚོགས་ཆུང་གིས་ ཆུ་གི་ཞབས་ཏོག་མ་ཆད་པར་ བྱིན་དོ་ཡོདཔ་མ་ཚད་ གསང་སྤྱོད་ཆུ་འཁྱུ་མི་ མི་སྡེ་ཚན་ཅིག་ཡང་བཙུགས་ནུག།
དེ་ལས་ གུར་ནང་སྡོད་མི་ཚུ་གིས་ ས་དོང་གི་ གསང་སྤྱོད་༥༢ ལྷགཔ་ཅིག་ བཟོ་མི་ལས་ དྲིམ་དུམ་གྲ་རེ་ འོང་དོ་ཡོདཔ་ཨིན་རུང་ དེ་ཚུ་བཀག་ཐབས་ཀྱི་དོན་ལུ་ མི་ཚུ་ དེང་སང་ལུགས་ཀྱིས་བཟོ་མི་ མི་མང་གསང་སྤྱོད་ལག་ལེན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས།
ས་ཁོངས་དེ་ ཉེན་སྲུང་དང་ལྡནམ་སྦེ་བཞག་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་ཡོདཔ་མ་ཚད་ དྲང་ཞག་རྐྱབ་ནིའི་དོན་ལུ་ བདེ་སྲུངཔ་༤༥ ལྷགཔ་ཅིག་དང་ གསོལཝ་དང་གསོལ་ཇ་བཟོ་མི་ ཐབ་ཚངཔ་༣༧ ལྷགཔ་ཅིག་ ཡོདཔ་ཨིན་པས།
རྒྱལ་བའི་བཀའ་འགྱུར་གྱི་ ལྗགས་ལུང་གནང་སྟེ་ ད་རིས་འབདཝ་ད་ ཉིནམ་༥༦ ལང་ཡོདཔ་ད་ ལྗགས་ལུང་གི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་ སྦྱིན་བདག་དེ་ཡང་ གཞུང་དགེ་འདུན་གྲྭ་ཚང་དང་ རབ་སྡེ་༡༧ པད་ཚལ་གླིང་སྤྲུལ་སྐུ་ རྒྱལ་བ་མདོ་ཁམས་པ་ བླམ་ཚེ་རིང་དབང་འདུས་ མཁས་སྤྲུལ་དགའ་རབ་རྡོ་རྗེ་ མཁན་པོ་ཀརྨ་འཇིགས་མེད་ ཨཱ་བརྒྱ་བླམ་ཀུན་དགའ་རྒྱལ་མཚན་ བླམ་སྐལ་བཟང་ཚུལ་ཁྲིམས་ སྤྲུལ་སྐུ་རྡོ་རྗེ་ཐོགས་མེད་ མཁན་པོ་བཀྲིས་ཆོས་འཕེལ་ དེ་ལས་ མཁན་པོ་སངས་རྒྱས་ཆོས་གྲགས་ཚུ་ཨིནམ་ད་ ཁོང་རེ་རེ་གིས་ དངུལ་ཀྲམ་འབུམ་༢༥ རེ་ ཞལ་འདེབས་ཕུལ་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན༌འཛིན༌རྣམ༌རྒྱལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *