༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ རྒྱལ་བའི་གསུང་རབ་ཆེན་མོ་ བཀའ་འགྱུར་གྱི་ ལྗགས་ལུང་གནང་སར་ བཀྲིས་ཆོས་རྫོང་གི་ནང་རྟེན་ བཀའ་འགྱུར་གསེར་བྲིས་མ་ ཞུ་བསྐྱལ་མི་དེ་ ད་རེས་ ཞུན་དག་རྐྱབ་གནང་པའི་བསྒང་འདུག།
བཀའ་འགྱུར་གསར་བྲིས་མ་དེ་ མི་དབང་འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ དགོངས་རྫོགས་ཀྱི་དོན་ལུ་ བཞེངས་གནང་ཡོདཔ་ཨིན་པས།
ད་རེས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་ བཀའ་སློབ་གནང་མི་དང་འཁྲིལ་ ཞུན་དག་རྐྱབ་གནང༌དོ༌ཟེར་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་གིས་ གསུངསམ་ཨིན་པས།
མཁན་པོ་དང་ གནས་བརྟན་ རི་ཁྲོད་མཚམས་བཞུགས་པ་ དེ༌ལས༌ སྒོམ་ཆེན་འབདཝ༌ད་ ཞལ་གྲངས་༣༠ དེ་ཅིག་གིས་ བཀའ་འགྱུར་གསར་བྲིས་མའི་ ཞུན་དག་རྐྱབ་གནང་དོ་ཡོདཔ་ད་ དེ་ཡང་ ལ་ལོ་ཅིག་ ཤོག་གྲངས་ཆད་པའི་ཁར་ ཡིག་འབྲུ་ལྷག་ཆད་དང༌ ནོར༌བ༌ཡོད་མི་ཚུ་ གོ༌རིམ༌བཞིན༌དུ༌སྦེ་ ཞུན་དག་གནང་དོ་ཡོདཔ་ཨིན་པས།
ལས་ཚོགས་སློབ་དཔོན་གྱིས་འབད་བ་ཅིན་ སྤྱིར་བཏང་བཀའ་འགྱུར་དེ་ ལེགས་ཤོམ་སྦེ་ བཞེངས་ཏེ་ཡོད་རུང་ ཡང་ལས་ཡང་དུ་ ཞུན་དག་རྐྱབ༌དགོཔ་ཁག་ཆེ་ཟེར་ཨིནམ་ད་ བཀའ་འགྱུར་གསེར་བྲིས་མ་དེ་ རྒྱལ་ཁབ་ཀྱི་ སྐུ་རིམ་ལུ་དམིགས་ཏེ་ ལོ༌བསྟར༌བཞིན༌དུ༌ ཐེངས༌༣ དང༌༤ དེ༌ཅིག༌ དག༌ཚར༌ལྷགཔ༌ཨིན་ཟེར་ཨིན༌པས།
དེ༌འབདཝ༌ལས༌ ད༌རེས༌ ཞུན༌དག༌རྐྱབ༌ མི༌དེ༌གིས༌ བཀའ༌འགྱུར༌ དག༌ཚར༌གནང༌ བའི༌སྐབས༌ སྔར༌བ༌ལྷགཔ༌སྦེ༌ ཕན༌ཐོགས༌བྱུང༌བའི༌གོ ༌སྐབས༌ཡོད༌ཟེར༌ ལས༌ཚོགས༌ སློབ༌དཔོན༌གྱིས༌ གསུངསམ༌ཨིན༌པས།
ཞུན༌དག༌དེ༌ བཀའ༌འགྱུར༌སྡེ༌དགེ༌ལུ༌ གཞི༌ བཞག༌སྟེ༌ གནང༌དོ༌ཡོདཔ༌ད༌ དེ༌ལུ༌ པོ༌ཏི༌༡༠༠ ཡོདཔ༌ལས༌ ཞུན༌དག༌རྐྱབ༌པའི༌སྐབས༌ ཤོག༌གྲངས ༌ཡོངས༌རྫོགས༌ བསྐྱར༌ཞིབ་གནངམ་བཞིན་དུ་ ཞུན༌ དག༌གི༌ལཱ༌དེ༌ བཀའ༌འགྱུར༌ལྗགས༌ལུང༌གནང༌ནི༌ འགོ༌བཙུགས༌པའི༌ ཉིནམ༌ལས༌ར་ འགོ༌བཙུགས༌ནུག།
དེ་གི་ཕན༌ཡོན་དེ༌ཡང༌ ཞུན༌དག༌དེ༌ལུ༌བརྟེན༌ སངས༌རྒྱས༌ཀྱི༌ གསུང༌རབ༌ལུ༌ ནོར༌འཕྲུལ༌མེད༌པར་ ཡང༌དག༌ཅིག༌ལུ༌ འགྱུར༌ཚུགས༌ནི༌དང༌ དེ༌ལུ༌བརྟེན༌ བཀའ༌འགྱུར༌དེ༌ ཕྱག༌མཆོད༌ཀྱི༌ཡུལ༌སྦེ༌བཞག༌རུང༌ དག༌ཚར༌ལྷག༌རུང༌ སངས༌རྒྱས༌ཀྱི༌ གསུང༌རབ༌ནོར༌འཕྲུལ༌མེདཔ༌ཅིག༌ཡོདཔ༌ལས༌ གནས༌སྐབས༌དང༌ མཐར༌ཐུག༌གི༌ ཕན༌པ༌དེ༌ཚུ༌ རྒྱ༌ཆེ༌དྲགས༌སྦེ༌ འབྱུང༌ཚུགས༌ནི༌མས༌ཟེར༌ ལས༌ཚོགས༌སློབ༌དཔོན༌ སངས༌རྒྱས༌རྡོ༌རྗེ༌གིས༌ གསུངས༌ཡི།
སྤྱིར༌སངས༌རྒྱས༌ཀྱི༌ གསུང༌རབ༌དེ༌ འཛམ༌གླིང༌ ནང༌ རིན༌ཐང༌དང༌བྲལ༌བའི༌ ནོར༌བུ༌ཅིག༌ཨིནམ༌ལས༌ སྔོན༌རྒྱ༌གར༌ནང༌ལས༌ར་ བྷན༌དྲུའི༌ཤོག༌གུ༌ རིན༌ཆེན༌ སྣ༌ཚོགས༌ཀྱི༌ ཡི༌གུ༌གིས༌བྲིས༌ཏེ༌ ཕྱག༌མཆོད༌གྱི༌ ཡུལ༌བཟུང༌སྟེ་ གུས༌ཞབས༌ཕུལ༌དོ༌བཟུམ༌སྦེ༌ ང༌བཅས༌རའི༌ རྒྱལ༌ཁབ༌ནང༌ཡང༌ དམ༌པའི༌ཆོས༌ལུ་ གུས༌ཞབས༌ཀྱི༌དོན༌ལས༌ རིན༌ཆེན༌གསེར༌གྱི༌ བཀའ༌ འགྱུར༌ བཞེངས༌གནང༌མི༌ལུ༌བརྟེན༌ རྒྱལ༌ཁབ༌ཀྱི༌ ནང༌རྟེན༌ རྩ༌ཆེ༌དྲགས༌ཅིག༌དང༌ སངས༌རྒྱས༌ཀྱི༌ བསྟན༌པ༌ལུ༌ གུས༌ཞབས༌ཡོད༌པའི༌ བརྡ༌མཚོན༌སྟོན༌ ཚུགསཔ༌མ༌ཚད༌ རྒྱལ༌བའི༌གསུང༌རབ༌དེ༌ ཚར༌རེ༌ ལྷགཔ༌ད༌ འབྱུང༌བ་བཞིའི༌ འཁྲུག་པ་ཚུ་ཞི༌སྟེ༌ རྒྱལ༌ ཁབ༌ཞི༌བདེ༌ལུ༌ གནས༌ཚུགས༌པའི༌ ཕན༌ཐོགས༌ཡོད༌ ཟེར༌ ད༌རུང༌ ལས༌ཚོགས༌སློབ༌དཔོན༌གྱིས༌ གསུངས༌ ཡི།
རྒྱལ་བའི༌བཀའ༌འགྱུར༌ཆེན་མོ་ ཞུན་དག༌རྐྱབ༌སར༌ དད༌མོས༌ཅན༌གྱི༌ མི༌སེར༌ཚུ༌གིས༌ མ༌དངུལ༌གྱི་ ཞལ༌འདེབས༌ཕུལ༌དོ༌ཡོདཔ༌མ༌ཚད༌ ལ༌ལོ༌ཅིག་གིས༌ གསེར༌གྱི༌མཛུབ༌དཀྱི༌དང༌ བཅིང༌ཐག༌ལ༌སོགས༌པ༌ཚུ༌ ཕུལ༌དོ༌ཡོདཔ་ཨིན་པས།
ཞལ༌འདེབས༌མ༌དངུལ༌ཕུལ༌མི༌དེ༌གིས༌ ཞུན༌དག༌ གི༌དོན༌ལུ༌ གསེར༌མཁོ༌སྒྲུབ༌འབད༌ནི༌ལུ༌ ཕན༌ཐོགས༌ འབྱུང༌ནི༌ཨིནམ༌ད༌ དེ༌ཡང༌ གསེར༌ཏོ༌ལ༌གཅིག༌གིས༌ བཀའ༌འགྱུར༌ཤོག༌གྲངས༌༢༠ དེ༌ཅིག༌ ལང༌ཚུགས༌ དོ༌ཡོདཔ༌ ཨིན༌པའི༌གནས༌ཚུལ།
བསྟན་འཛིན་རྣམ་རྒྱལ།