༉ མོང་སྒར་བཀའ་དམ་དགོན་པའི་ ལྷ་ཁང་ནང་སྦེ་ ལོ་བསྟར་བཞིན་དུ་ ཟླ་ངོ་༡ གི་རིང་ འགོ་འདྲེན་འཐབ་སྲོལ་ཡོད་མི་ བཛྲ་གུ་རུ་དུང་སྒྲུབ་ནང་ དགོན་པའི་རྡོ་རྗེ་སློབ་དཔོན་གྱིས་གཙོས་པའི་ མཚམས་པ་༧༠ དང་ རྒན་རྒས་༡༠༠ དེ་ལས་ དད་ཅན་༡༠༠ ལྷགཔ་ཅིག་གིས་ བཛྲ་གུ་རུ་དུང་སྒྲུབ་ བསགས་གནང་མི་དེ་ ཁ་ཙ་ ཚོགས་འཁོར་བསྐོར་ཏེ་ གྲོལ་གནང་ཡི།
བཛྲ་གུ་རུ་དུང་སྒྲུབ་ བསགས་གནང་པའི་སྐབས་ མོང་སྒར་ཁྲོམ་གྱི་ ཚོང་པ་དང་ ཞི་གཡོགཔ་ ཁྲིམས་སྲུང་འགག་པ་ དེ་ལས་ དད་མོས་ཅན་ཚུ་གིས་ གསོལ་ཚོགས་དང་ བསིལ་ཆུའི་རིགས་ཚུ་ དྲང་ནིའི་གོ་སྐབས་ ཐོབ་ཡོདཔ་ལས་ སྐལ་བ་བཟང་ཡོད་པའི་ བསམ་འཆར་བཤདཔ་ཨིན་པས།
དགོན་སྡེ་གིས་ དུས་རྒྱུན་དུ་ མ་ཎི་དང་ བཛྲ་གུ་རུ་ དེ་ལས་ རྡོར་སེམས་ལ་སོགས་པ་ཚུ་ བགྱང་སྡོད་མི་ རྒན་རྒས་ཚུ་ལུ་ ལྟོ་ཕོགས་༣ དྲང་དོ་ཡོདཔ་ཨིན་པས།
ཨིན་རུང་ བཀའ་དམ་དགོན་པའི་ལྷ་ཁང་ནང་ ཚེས་བཅུ་དང་ སྐུ་རིམ་ ཚེས་བཟང་དང་ དུས་བཟང་ཚུ་ འགོ་འདྲེན་འཐབ་པའི་སྐབས་ ལྷ་ཁང་ཆུང་མི་དང་ ལྷ་ཁང་གི་སྦོ་ལོགས་ཁར་ ཉལ་འཚོ་ནི་དང་ བཞེས་སྒོ་བཟའ་ནིའི་དོན་ལུ་ ཁང་མིག་ཅིག་མེདཔ་ལས་ ཆརཔ་རྐྱབ་པའི་སྐབས་ལུ་དང་ ཉིམ་ཤརཝ་ད་ དཀའ་ངལ་འདུག་ཟེར་ རྒན་རྒས་དང་ སྒོམ་ཆེན་ཚུ་གིས་ སླབ་ཨིན་པས།
སྒོམ་སྡེའི་དྲུང་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དགུང་ལོ་༩༥ བཞེས་མི་ བླམ་ཀརྨ་དབང་འདུས་ཀྱིས་ བཀའ་སློབ་དང་འཁྲིལ་ ལོ་བསྟར་བཞིན་དུ་ བཛྲ་གུ་རུ་དུང་སྒྲུབ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ཨིན་རུང་ ས་གོ་ཆུང་སོཔ་ལས་ དད་ཅན་ཚུ་ ཤོང་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།
དགོན་པའི་དྲུང་ཆེན་ བསྟན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ བཛྲ་གུ་རུ་དུང་སྒྲུབ་ བསག་དགོ་པའི་ དམིགས་ཡུལ་དེ་ཡང་ སྤྱིར་ནང་པ་སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་གསུམ་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ནང་ ནད་མུག་འཁྲུགས་རྩོད་ཚུ་ཞི་སྟེ་ དགའ་སྐྱིད་ཀྱི་དཔལ་ལུ་ ལོངས་སྤྱོད་ཐབས་དང་ མཐར་ཐུག་སངས་རྒྱས་ཀྱི་ གོ་འཕང་རིན་པོ་ཆེ་ འཐོབ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ འབྱུང་བཞིའི་རྐྱེན་ངན་ཚུ་ བཟློག་དགོ་པ་ཅིན་ སངས་རྒྱས་༢ པ་ ཨྱོན་གུ་རུ་རིན་པོ་ཆེ་ལུ་ ཡིད་ཉིད་ཐེ་ཚོམ་མེད་པར་ གསོལཝ་བཏབ་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ སླབ་ཨིན་པས།
དད་ཅན་ཚུ་གིས་འབད་རུང་ རང་སོའི་ ཚོགས་བསག་སྒྲིབ་སྦྱང་གི་དོན་ལུ་ རང་གི་འབྱོར་པ་དང་བསྟུན་ ཞལ་འདེབས་གནང་མི་དང་ གསོལ་ཇ་དྲང་མི་ དེ་ལས་ གསོལ་ཚོགས་འདྲང་ནི་ལུ་ གོ་སྐབས་ལེན་གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།