༉ མོང་སྒར་བཀའ་གདམས་དགོན་པ་ལུ་ སྒོམ་སྡེའི་མཁན་པོ་གིས་གཙོས་པའི་ རྡོ་རྗེ་སློབ་དཔོན་དང་ སྒྲུབ་དཔོན་ དེ་ལས་ མཚམས་པ་ཞལ་གྲངས་༦༥ དེ་ཅིག་གིས་ ཉིན་གྲངས་༡༠ གྱི་རིང་ བཛྲ་གུ་རུ་དུང་སྒྲུབ་བསགས་གནང་མི་དེ་ ད་རིས་ སྤྲེལ་ཟླ་ཚེས་བཅུ་ལུ་ ཚོགས་འཁོར་དང་བཅས་ འགྲོལ་གནང་ནི་ཨིན་པས།
སྒོམ་སྡེའི་སྐུ་དྲུང་ སངས་རྒྱས་འཕྲིན་ལས་ཀྱིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་འབད་བ་ཅིན་ བཛྲ་གུ་རུ་ དུང་སྒྲུབ་དེ་ ཟླ་ངོ་༡ གི་རིང་ མཚམས་པ་དང་ ཨ་ནེམོ་ དེ་ལས་ དད་ཅན་སྐྱ་སེར་༡༠༠ ལྷགཔ་ཅིག་གིས་ ཉིན་བསྟར་བཞིན་དུ་ བཛྲ་གུ་རུ་བསགས་ནི་ཡོད་རུང་ དུས་ཅི་ ཉིན་གྲངས་༡༠ ལུ་ མར་ཕབ་འབད་དེ་ཡོད་ཟེར་ཨིན་པས།
དེ་ཡང་ སྐུ་དྲུང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྷ་ཁང་ནང་ ལོ་བསྟར་བཞིན་དུ་ བཀའ་འགྱུར་དག་ཚར་དང་ ཕུར་པའི་སྒྲུབ་ཆེན་ བདེ་ཆེན་ཞིང་སྒྲུབ་ སྨོན་ལམ་ཆེན་མོ་ དེ་ལས་ བདུན་ཕྲག་གི་རིང་ ཚེས་བཅུ་འགོ་འདྲེན་ འཐབ་དགོཔ་ལེ་ཤ་ཡོདཔ་ལས་ མར་ཕབ་འབད་འབདཝ་ཨིན་ཟེར་ཨིན་པས།
དྲུང་ཆེན་བསྟན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་ལོ་༥ འི་ ཧེ་མ་འབད་བ་ཅིན་ བཛྲ་གུ་རུ་དུང་སྒྲུབ་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་དོ་ཡོདཔ་ཨིན་རུང་ དེ་གི་ཤུལ་ལས་ ཉུང་སུ་ཅིག་ལས་བརྒལ་ མིན་འདུག་ཟེར་ཨིན་པས།
མོང་སྒར་ཕོ་ཚོ་རོང་ལུ་སྦེ་འཁྲུངས་མི་ ཞིང་གཤེགས་བླམ་ ཀརྨ་དབང་འདུས་ཀྱིས་ དགུང་ལོ་༡༠ བཞེསཔ་ད་ བུམ་ཐང་ཐར་པ་གླིང་གྲྭ་ཚང་ནང་སྦེ་ གཞུང་དང་རིག་གནས་ཚུ་ གསན་སྦྱངས་གནང་བའི་ཤུལ་ལས་ རྒྱ་གར་ཀ་ལིམ་སྤོང་ལུ་ བདུད་འཇོམས་རིན་པོ་ཆེ་མཆོག་ལས་ སྒྲུབ་པ་ཉམས་ལེན་ཡོངས་རྫོགས་ ཞུ་ཡོདཔ་ཨིན་པས།
ཞིང་གཤེགས་བླམ་དེ་ འཇིམ་བཟོ་ལུ་མཁས་མཆོག་ཨིནམ་ལས་ ལྷ་ཁང་དང་ ནང་རྟེན་ཚུ་ ཁོ་ར་གིས་ བཞེངས་ཡོདཔ་ད་ ད་རེས་ ལྷ་ཁང་དེ་ནང་སྦེ་ བླ་མ་ཁོ་རའི་སློབ་མ་ མཚམས་པ་ཉམས་ལེན་པ་ཚུ་གིས་ བཛྲ་གུ་རུ་བསགས་གནང་དོ་ཡོདཔ་ཨིན་པས།
བཀའ་གདམས་དགོན་པའི་དྲུང་ཆེན་ བསྟན་འཛིན་རྡོ་རྗེ་གིས་ འབད་བ་ཅིན་ བཛྲ་གུ་རུ་དུང་སྒྲུབ་བསག་དགོ་པའི་ དམིགས་ཡུལ་དེ་ཡང་ སྤྱིར་སངས་རྒྱས་ཀྱི་བསྟན་པ་ འཛིན་སྐྱོང་སྤེལ་ནི་དང་ རྒྱལ་ཁབ་ཞི་བདེ་ དེ་ལས་ མི་དབང་ཡབ་སྲས་ཚུ་གི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་ཚུ་གིས་ སླབ་མིའི་ནང་ ལོ་༡ གི་རིང་ སོ་ནམ་གྱི་ལཱ་འབདཝ་ད་ འབུབ་སྟོང་ཕྲག་ལས་བཅད་དེ་བསད་མིའི་ སྡིག་སྒྲིབ་དག་ནི་དང་ ཚོགས་བསག་སྒྲིབ་སྦྱང་གི་དོན་ལུ་ ལོ་ཨ་རྟག་ར་ གསོལ་ཚོགས་དྲང་པར་ འོངམ་ཨིན་ཟེར་བའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།