བཀང་ལུང་བཤད་གྲྭའི་ ལོ་བསྟར་དབྱར་གནས་ གྲོལ་ཡོདཔ།

བསྟན་འཛིན་རྣམ་རྒྱལ།

༉ བཀྲིས་སྒང་བཀའ་ལུང་རྒེད་འོག་ ཐུབ་བརྟན་ཆོས་འཁོར་གླིང་བཤད་གྲྭའི་ ལོ་བསྟར་དབྱར་གནས་དེ་ ཁ་ཙ་ བཤད་གྲྭའི་དགེ་སློང་ཚུ་གིས་ བཀའ་ལུང་ཁྲོམ་ཁར་ བསོད་སྙོམས་ལྷང་བའི་ བརྡ་མཚོན་སྟོན་ཐོག་ལས་ གྲོལ་གནང་ཡི།
བཀའ་ལུང་བཤད་གྲྭའི་ ཟངས་མདོག་དཔལ་རི་ལྷ་ཁང་ནང་ ལོ་བསྟར་བཞིན་དུ་ ཉིན་གྲངས་༤༥ འི་རིང་ དབྱར་གནས་བསྲུང་དོ་ཡོདཔ་ད་ ཁ་ཙ་ དགེ་སློང་ཚུ་གིས་ ལྷུང་བཟེད་བསྣམས་ཐོག་ལས་ བསོད་སྙོམས་ལྷང་པའི་སྐབས་ ས་གནས་ཀྱི་ཚོང་པ་དང་ མི་སེར་ དེ་ལས་ སློབ་ཕྲུག་ཚུ་གིས་ བཞེས་སྒོའི་རིགས་ཚུ་ཕུལ་ཡི།
བསོད་སྙོམས་ཕུལ་མིའི་གྲས་ཁར་ ཝམ་རོང་ལས་ཡང་ མི་ཚུ་འོང་ཡོདཔ་ད་ བཤད་གྲྭ་ནང་ དབྱར་གནས་བསྲུང་ནིའི་སྲོལ་དེ་ སྤྱི་ལོ་༢༠༡༡ ལས་ འགོ་བཙུགས་ཡོདཔ་ད་ དབྱར་གནས་དེ་ རྒྱ་གར་འཕགས་པའི་ཡུལ་ལུ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ འགོ་བཙུགས་གནང་ཡོདཔ་ཨིན་པས།
སློབ་དཔོན་བཀྲིས་ནོར་བུ་གིས་ སླབ་མིའི་ནང་ དེ་བསྒང་ སངས་རྒྱས་ཀྱི་རྗེས་འཇུག་ དགེ་སློང་ཚུ་གིས་ ལྷུང་བཟེད་བསྣམས་ཏེ་ བསོད་སྙོམས་ལྷང་པའི་སྐབས་ ཕྱི་རོལ་མུ་སྟེགས་པ་ཚུ་གིས་ དབྱར་གྱི་དུས་ཚོད་ཁར་ བསོད་སྙོམས་ལྷངམ་ད་ འབུབ་སྲིན་ཚུ་ བསད་པའི་སྡིག་པ་ཡོད་ཟེར་ བཀུར་པ་བཏབ་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ སངས་རྒྱས་ཀྱིས་ དགེ་སློང་ཚུ་ ཕྱི་ཁར་ཐོན་མ་ཆོགཔ་བཟོ་གནང་སྟེ་ ཆོས་ལྷབ་ནི་དང་ གསོ་སྦྱོང་ཡན་བརྒྱད་ལ་སོགས་པ་ཚུ་ བསྲུང་བཅུགཔ་ལས་ཚུར་ དབྱར་གནས་ཟེར་ དར་ཁྱབ་སོང་ནུག་ཟེར་ སློབ་དཔོན་བཀྲིས་ནོར་བུ་གིས་ བཤད་ཡོདཔ་ད་ དེ་བསྒང་ དགེ་སློང་ཚུ་གིས་ ཕྱི་ཁ་མ་ཐོན་པར་ ཟླཝ་༣ དེ་ཅིག་སྡོད་པའི་སྲོལ་ཡོདཔ་ཨིན་པས།
སྔོན་གྱི་དུས་ལུ་ དབྱར་གནས་བསྲུང་བའི་སྐབས་ དད་ཅན་སྦྱིན་བདག་ཚུ་གི་ འཚོ་བ་ཡོ་བྱེད་ཚུ་ ཕུལ་སྲོལ་ཡོད་དོ་བཟུམ་སྦེ་ ད་རེས་ དབྱར་གནས་ཀྱི་སྐབས་ལུ་ མི་ཚུ་གིས་ གསོལཝ་དང་གསོལ་ཇ་ཚུ་ དྲང་དོ་ཡོདཔ་ཨིན་པས།
བཀང་ལུང་ལུ་ དབྱར་གནས་སྲུང་བའི་སྐབས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ མི་སྡེ་ཞབས་ཏོག་ལས་སྡེ་གིས་ ཞབས་ཏོག་ཕུལ་ཡོདཔ་ད་ ལས་སྡེའི་འགོ་འདྲེན་པ་ བླ་མ་རྡོ་རྗེ་གིས་འབད་བ་ཅིན་ དེ་བཟུམ་གྱི་ཞབས་ཏོག་དེ་ ལས་སྡེའི་ལཱ་འགན་ ངོ་མ་ཅིག་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དགེ་སློང་ཚུ་ བསོད་སྙོམས་ལྷང་པར་འོང་བའི་སྐབས་ སངས་རྒྱས་མཇལ་དོ་བཟུམ་གྱི་ ཚོར་སྣང་ཡང་ བྱུངམ་མས་ཟེར་ཨིན་པས།
སྤང་ཐང་ལས་ སྐྱེས་ལོ་༧༢ ལང་མི་ སངས་རྒྱས་རྡོ་རྗེ་གིས་ དུས་ཅི་འབདཝ་ད་ དབྱར་གནས་ནང་ བཅའ་མར་གཏོགས་ཏེ་ ལོ་༥ སོང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ སྤྱིར་བཏང་དགེ་བ་འབད་མི་དེ་དང་ དབྱར་གནས་ཀྱི་སྐབས་ལུ་ དགེ་བ་བསྒྲུབས་མིའི་ ཕན་ཡོན་ཐད་ཁར་ བརྒྱ་འགྱུར་སྟོང་འགྱུར་གྱིས་ མི་འདྲ་ནི་ཨིནམ་ལས་ ལོ་བསྟར་བཞིན་དུ་ བཅའ་མར་གཏོགས་དོ་ཟེར་ཨིན་པས།
དབྱར་གནས་ཀྱི་སྐབས་ ཚོང་པ་ཚུ་གིས་ འོང་འབབ་ཡང་ ལེགས་ཤོམ་སྦེ་ བཟོ་ཚུགས་དོ་ཡོདཔ་ད་ དེ་ཡང་ དགེ་སློང་ཚུ་ལུ་ བསོད་སྙོམས་ཕུལ་ནིའི་དོན་ལས་ དད་མོས་ཅན་ཚུ་གིས་ བཟའ་འཐུང་གི་རིགས་ཚུ་ ཉོ་འབག་པའི་སྐབས་ མ་དངུལ་བཟོ་ཚུགས་དོ་ཡོདཔ་ ཨིན་པའི་གནས་ཚུལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *