བཀག་དམ་འབད་མི་ཨོམ་གྱི་ཐོན་སྐྱེད་ཚུ་ སྤ་རོ་རྫོང་ཁག་ནང་རྐྱངམ་གཅིག་ བཙོང་ཆོག་ནི།

༉ སྤ་རོ་རྫོང་ཁག་ནང་ ཁ་ཚ་རྐང་ནད་ཐོན་པའི་ཤུལ་ལས་ ཨོམ་གྱི་ཐོན་སྐྱེད་ཚུ་ ཕྱི་ཁར་མ་ཚད་ རྫོང་ཁག་ནང་འཁོད་ལུ་ཡང་ བཙོང་མ་ཆོགཔ་སྦེ་ བཟོ་ཡོད་མི་དེ་ སྤྱི་ཟླ་༨ པའི་ཚེས་༣ ལས་ རྫོང་ཁག་ནང་འཁོད་ལུ་ བཙོང་ཆོགཔ་བཟོ་ཡོདཔ་ཨིན་པས།
གྲོས་གཞི་དེ་ཡང་ རྒེད་འོག་༡༠ གྱི་ཁྲི་འཛིན་དང་ ཨོམ་གྱི་ཁྲི་འཛིན་ཚུ་གིས་ ཁ་ཚ་རྐང་ནད་ཀྱི་ རྫོང་ཁག་གློ་བུར་ཞབས་ཏོག་སྡེ་ཚན་བརྒྱུད་དེ་ སོ་ནམ་ལྷན་ཁག་ལུ་ ཕུལ་བའི་ཤུལ་ལས་ ཐོན་ཡོདཔ་ཨིན་པས།
རྫོང་ཁག་གི་ཕྱི་ཁར་ བཙོང་མ་ཆོགཔ་སྦེ་ཨིན་རུང་ ཨོམ་འཁོལ་ཚད་ཀྱི་ ཅ་ཆས་ལག་ལེན་འཐབ་སྟེ་འབད་བ་ཅིན་ བཙོང་ཆོག་ཟེར་ཨིནམ་ད་ དེའི་དོན་ལུ་ ཅ་ཆས་ཚུ་ བྱང་ས་ལུ་ གཞི་བཙུགས་འབད་བའི་བསྒང་ཡོདཔ་ཨིན་པས།
ལྷན་ཁག་གིས་གནང་མི་ ཡིག་ཚང་བཀའ་རྒྱ་དང་འཁྲིལཝ་ད་ ནད་གཞི་དེ་ལུ་བརྟེན་ མི་སེར་ཚུ་ལུ་ གྱོང་རྒུད་སྦོམ་ཕོག་སྟེ་ཡོདཔ་ལས་ རྫོང་ཁག་གི་ཁྲོམ་དང་ ཡན་ལག་ཁྲོམ་ཚུ་ནང་ བཙོང་ཆོགཔ་ཨིན་རུང་ ཕྱི་ཁར་བཙོང་མི་ཆོག་ནི་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༦ ལས་ཐོན་མི་ ནད་གཞི་དེ་གིས་ ད་ཚུན་ ནོར་༤༧༨ ལུ་ ནད་གཞི་ཐོབ་ཡོདཔ་བཞིན་དུ་ ནོར་༦,༢༨༦ ལུ་ སྨན་ཁབ་ཚུ་ བཙུགས་ཡོདཔ་ཨིན་པས།
བཙན་ཏོག་ཨོམ་མཉམ་ལས་ཚོགས་པའི་དྲུང་ཆེན་ རིག་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་ནང་ ནད་གཞི་དེ་ཐོན་པའི་ཤུལ་ལས་ ཨོམ་གྱི་ཐོན་སྐྱེད་ཚུ་ ཕྱི་ཁར་བཙོང་མ་ཆོག་པའི་སྐོར་ལས་ ཡིག་ཚང་བཀའ་རྒྱ་སོགས་ ག་ནི་ཡང་མེད་རུང་ སྒོ་ནོར་འགོ་དཔོན་ཚུ་གིས་ བཀག་ཆ་འབད་དགོཔ་སྦེ་ སླབ་མི་ལུ་བརྟེན་ མ་བཙོང་པར་ བཞག་ཅི་ཟེར་ཨིན་པས།
ཚོགས་པ་ནང་ འཐུས་མི་༣༥ དེ་ཅིག་ཡོདཔ་ད་ ཚོགས་པ་གིས་ ཉིནམ་རེ་ལུ་ ཨོམ་ལི་ཊར་༡༠༠ ལྷགཔ་རེ་ ཐོན་སྐྱེད་འབད་དོ་ཡོད་མི་དེ་ རྫོང་ཁག་གི་ཕྱི་ཁར་ བཙོང་མ་ཆོག་རུང་ ད་ཚུན་ བཙོང་མ་ཚུགས་པའི་ དཀའ་ངལ་མ་འཐོན་ཟེར་ཨིན་པས།
ཨིན་རུང་ བཙན་ཏོག་ལས་ ཀརྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གི་ཚོགས་པ་ནང་ ནད་གཞི་ཐོན་པའི་ཤུལ་ལས་ ཨོམ་བཙོང་མི་ཚུ་གིས་ བཀག་ཆ་འབད་ནུག་ཟེར་ཨིན་པས།
ཁྲོམ་གྱི་ ཉེ་འདབས་ལས་ཕར་སྡོད་མི་ སོ་ནམ་པ་དང་ ཨོམ་མང་སུ་སྦེ་ ཚོང་འབྲེལ་འཐབ་མི་ཚུ་ལུ་འབད་བ་ཅིན་ བཀག་ཆ་དེ་གིས་ རྒུད་སྦོམ་སྦེ་ར་ ཕོག་ཡོདཔ་ཨིན་པས།
ཁྲོམ་གྱི་ཉེ་འདབས་ལུ་སྡོད་མི་ རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྫོང་ཁག་ནང་ ནད་གཞི་ཐོན་པའི་ཤུལ་ལས་ ཨོམ་དང་འབྲེལ་བའི་ཐོན་སྐྱེད་ཚུ་ དུམ་གྲ་རེ་ བཙོང་མ་ཚུགས་པའི་ དཀའ་ངལ་ཐོན་ཡི་ཟེར་ཨིནམ་ད་ དེ་ཡང་ མི་ཚུ་གིས་ ནད་གཞི་དེ་ལུ་ འདྲོག་ནི་དེ་གིས་ ཉོ་ནི་ལས་ འཛེམ་སྟེ་འདུག་ཟེར་ ཨིན་རུང་ ཁྲོམ་ཁར་བཙོང་ཆོགཔ་སྦེ་ བཟོ་མི་དེ་གིས་ དུམ་གྲ་ཅིག་ཕན་ཐོགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཨིན་རུང་ སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནད་གཞི་དེ་ སེམས་ཅན་ཚུ་ལུ་ འབུ་བའི་ནད་ཅིག་ཨིནམ་ལས་ མི་ལུ་ ཉེན་ཁ་དེ་ཅིག་མེད་ཟེར་ཨིནམ་ད་ ཨོམ་གྱི་ཐོན་སྐྱེད་ཚུ་ བཟའ་སྤྱོད་འབད་རུང་ ཉེན་ཁ་སྦོམ་མེད་ཟེར་ཨིན་པས།
ནད་གཞི་དེ་ ད་རེས་སྐབས་ཅིག་ རྫོང་ཁག་གི་ རྒེད་འོག་༡༠ ཡོད་མི་ལས་ རྒེད་འོག་༧ ནང་ ཁྱབ་སྤེལ་རྒྱ་ཆེ་དྲགས་སྦེ་ར་སོང་སྟེ་ཡོདཔ་ལས་ བཀག་ཆ་འབད་ནི་ལུ་ གདོང་ལེན་སྦོམ་བྱུང་སྟེ་ཡོདཔ་ཨིན་པས།
དེ་ཡང་ རྒེད་འོག་ཚུ་ནང་ ནོར་ཚུ་ག་ལྷོད་སར་ རྩྭ་ཁར་བཏང་བཞག་ནིའི་ སྲོལ་ཡོདཔ་ལས་ ནད་གཞི་ཐོབ་མི་ ནོར་ཚུ་གིས་ ག་ལྷོད་སར་ འཁྱམས་སྡོད་མི་ལུ་བརྟེན་ དར་ཁྱབ་སོང་ནུག།
ཨིན་རུང་ འབྲུག་བཟའ་ཆས་དང་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་ ད་ལྟོ་ཡང་ གཞུང་ལམ་དང་ ལམ་ཁག་ཚུ་ནང་ ལྟ་རྟོག་འབད་མི་སྦེ་ བཙུགས་ཏེ་ཡོདཔ་ད་ གོ་བརྡའི་ལས་རིམ་ཚུ་ སྤྲོད་བཞིན་དུ་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་ ཆེ་མཐོ་ཁྲིམས་འདུན་ལུ་མཐོ་གཏུགས།

༉ གྱེན་ལོག་དམག་རྒོལ་རྒྱུད་བསྐུལ་གྱི་ རྩོད་བཤེར་ནང་ བཙོན་ཁྲིམས་ཕོགས་མི་༤ གི་གྲས་ལས་ མངོན་མཐོ་ཁྲིམས་འདུན་གྱི་ རྒན་རིམ་མཐོ་ཤོས་ཀྱི་དྲང་དཔོན་ ཀུན་ལེགས་ཚེ་རིང་གི་ ངོ་ཚབ་ཀྱིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *