༉ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ དུས་ཡུན་ཆུ་ཚོད་༤ དེ་ཅིག་གི་རིང་ ཞིབ་དཔྱད་དམ་དམ་འབད་ཐོག་ལས་ བཀག་དམ་ཅན་གྱི་ སྨྱོ་རྫས་སྤྱོད་མི་དང་ ནག་ཚོང་ནང་ འབྲེལ་བ་ཡོད་མི་ཚུ་ འཛིན་བཟུང་འབད་ནུག།
གསང་བའི་སྙན་ཞུ་ཐོབ་མི་དང་བསྟུན་ ཁྲིམས་སྲུང་འགག་པ་གིས་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ ཧོང་ཀོང་མར་ཀེཌ་ལས་ སྐྱེས་ལོ་༢༢ དང་༢༦ ལང་མི་ ཕོ་སྐྱེས་༢ འཛིན་བཟུང་འབད་བའི་སྐབས་ ཕོ་སྐྱེས་༡ ལས་ སྨྱོ་རྫས་ཨིསི་པསི་མོ་པོ་རོག་སི་བཱོན་ པ་ལསི་སྨན་ཐུམ་༨ དང་ ཕོ་སྐྱོས་གཞན་ལས་ ཨིསི་པསི་མོ་པོ་རོག་སི་བཱོན་ པ་ལསི་སྨན་ཐུམ་༦ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
ཁོང་༢ ཀྱིས་ སྨྱོ་རྫས་དེ་ཚུ་ ཐིམ་ཕུག་གི་ ནུབ་མོའི་སྤྲོ་སྟོན་ཁང་གི་ཐབ་ཚངཔ་ སྐྱེས་ལོ་༢༦ འབད་མི་ ཕོ་སྐྱེས་དེ་ལས་ ཉོ་ཡོདཔ་སྦེ་ སླབ་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ ཀ་རའོ་ཀེའི་ ཐབ་ཚང་ནང་ཡོད་མི་ ཆང་ཝིསི་ཀིའི་ ཤོག་སྒྲོམ་ནང་ སྨྱོ་རྫས་ཨིསི་པསི་མོ་པོ་རོག་སི་བཱོན་ པ་ལསི་སྨན་ཐུམ་༦༣ སྦ་བཞག་སྟེ་ཡོདཔ་མཐོང་ནུག།
ཐབ་ཚངཔ་དེ་གིས་ སྨྱོ་རྫས་ཚུ་ བར་སྦིས་ས་ལུ་སྡོད་མི་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་ལས་ ཉོ་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ སླབ་བཞིན་དུ་ ཕོ་སྐྱེས་དེ་ཡང་ ནུབ་མོའི་ཆུ་ཚོད་༩.༤༣ ལུ་ འཛིན་འབདཡོདཔ་ད་ སྨྱོ་རྫས་ཨིསི་པསི་མོ་པོ་རོག་སི་བཱོན་ པ་ལསི་སྨན་ཐུམ་༡༤༧ སྨད་དོརམ་ནང་ སྦ་བཞག་སྟེ་འདུག་ཟེར་ཨིན་པས།
ཕོ་སྐྱེས་དེ་གིས་ སྨྱོ་རྫས་ཚུ་ སྣུམ་འཁོར་འཁྱུ་སའི་ སྦོ་ལོགས་ཁར་ཡོད་མི་ ལས་མིའི་སྒར་ནང་སྡོད་མི་ ཕོ་སྐྱེས་ཅིག་ལས་ ཉོ་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ སླབ་ནི་དེ་གིས་ ཁྲིམས་སྲུང་འགག་པ་གིས་ ནུབ་མོའི་ཆུ་ཚོད་༡༠.༤༣ དེ་ཅིག་ཁར་ ལས་མིའི་སྒར་ནང་ ཞིབ་དཔྱད་འབད་བའི་སྐབས་ གནས་སྐབས་ཀྱི་ སྦ་སྒོར་དེ་ནང་ བཟའ་གྲོགས་རྒན་ཤོས་ཅིག་ མཐོང་ཡོདཔ་ཨིན་པས།
འགག་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྱིམ་ནང་ལས་ ག་ནི་ཡང་ མ་ཐོབ་རུང་ ཁྱིམ་གྱི་མཐའ་འཁོར་ཚུ་ནང་ འཚོལ་ཞིབ་འབད་བའི་སྐབས་ སྦ་སྒོར་གྱི་འོག་ལུ་ ཚལ་མའི་ནང་ ཆུ་ཤོག་དང་ ཕད་ཙེའི་ནང་ སྨྱོ་རྫས་ཨིསི་པསི་མོ་པོ་རོག་སི་བཱོན་ པ་ལསི་སྨན་ཐུམ༡,༧༢༨ སྦ་བཞག་ནུག་ཟེར་ཨིན་པས།
སྐྱེས་ལོ་༦༠ ལང་མི་དེ་གིས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་དེ་ལུ་ སྨྱོ་རྫས་དེ་ཚུ་ བཙོང་ཡོདཔ་སྦེ་ སླབ་ཡོད་རུང་ ཁོ་གིས་ སྨྱོ་རྫས་ཚུ་ ག་ཏེ་ལས་ འབག་ཡོདཔ་ཨིན་ན་ ག་ནི་ཡང་ སླབ་མ་བཏུབ་ཨིན་པས།
སྐྱེས་ལོ་༦༠ ལང་མི་ ཕོ་སྐྱེས་མ་གཏོགས་ གཞན་ག་ར་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་ལས་ སྨྱོ་རྫས་སྤྱོད་མི་ དོགས་ཅན་ཧེ་མམ་༢ པོ་དེ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ སྨན་བཅོས་བརྟག་ཞིབ་ནང་ ངེས་པར་དུ་ སྨན་བཅོས་འབད་བར་ བཏང་ཡོད་པའི་གནས་ཚུལ།
སྐད་སྒྱུར་ སྐལ་བཟང་དབང་ཕྱུག།